བཀའ་བརྒྱུད་སྨོན་ལམ་ཐེངས་༣༦ པ་དབུ་འཛུགས་གནང་།

ཟླ་འདིའི་ཚེས་༡༤ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༣༦ པ་གནས་མཆོག་རྡོ་རྗེ་གདན་གཏེར་སྒར་དགོན་དང་ཉེ་བར་ཡོད་པའི་བཀའ་བརྒྱུད་སྨོན་ལམ་ཚོགས་རར་དབུ་འཛུགས་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཚེས་༩ ནས་༡༢ བར་སངས་རྒྱས་གཉན་པ་རིན་པོ་ཆེས་ཕྱག་ཆེན་གངྒྰ་མའི་སྔོན་འགྲོའི་བཀའ་ཆོས་གནང་ཡོད་པ་དང་། ཚེས་༡༢ ལ་ངལ་གསོ་གནང་རྗེས་ཚེས་༡༣ ལ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་གཏོར་དབང་གནང་ཡོད་འདུག ཕྱི་ཟླ་༡ ཚེས་༡༤ ནས་སྨོན་ལམ་དངོས་སུ་དབུ་འཛུགས་གནང་སྟེ་ད་ལྟ་འཚོགས་བཞིན་ཡོད་པ་དང་ཟླ་འདིའི་ཚེས་༢༠ བར་འཚོགས་རྒྱུ་ཡིན་འདུག

ད་ལོའི་ཆར་༧དཔལ་རྒྱལ་དབང་ཀརྨ་པ་སྨོན་ལམ་ཚོགས་མགོན་དུ་ཕེབས་ཐུབ་མེད་པར་བརྟེན། ཐེངས་འདིའི་ཚོགས་མགོན་དུ་གཽ་ཤྲཱི་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་བཞུགས་པའི་ཐོག ཡོངས་དགེ་མི་འགྱུར་རིན་པོ་ཆེ་དང་སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་སོགས་བླ་ཆེན་དུ་མ་ཞིག་ཕེབས་ཡོད་འདུག དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་དགོན་ཁག་གི་མཁན་སྤྲུལ་རྣམ་པ་དང་གྲྭ་བཙུན་བཅས་དད་ལྡན་སེར་སྐྱ་མང་པོ་ཞིག་འཛམ་གླིང་གང་ས་ནས་འཛོམས་ཡོད་པས། བཀའ་བརྒྱུད་སྨོན་ལམ་འཚོགས་པའི་ནང་ནས་ད་ལོར་མང་ཤོས་སུ་ཆགས་ཡོད་སྐོར་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༦༨༨ ཀློག་གྲངས།