རྙིང་མའི་དབུ་འཛིན་ལ་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་ཞུས།

ཟླ་འདིའི་ཚེས་༡༤ ཉིན་རྒྱ་གར་རྡོ་རྗེ་གདན་དུ་རྙིང་མའི་སྨོན་ལམ་ཐེངས་སུམ་བཅུ་པ་འཚོགས་པ་དང་སྟབས་བསྟུན། རྙིང་མའི་སྤྱི་འཐུས་དང་། རྙིང་མ་སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམས། རྙིང་མའི་བླ་ཆེན་རྣམ་པ་མཉམ་ཞུགས་ཀྱིས་སྔོན་གྱི་འགྲོ་ལུགས་གྲོས་ཆོད་གཏན་འབེབས་གཞིར་བཟུང་། གྲོས་བསྡུར་བྱས་མཐར་རྙིང་མའི་དབུ་འཛིན་ཁྲི་རབས་བརྒྱད་པར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་ཞུས་ཡོད་པ་རེད།

དེ་ཡང་རྙིང་མའི་དབུ་འཛིན་བསྐོ་བཞག་ཞུ་སྟངས་སྐོར་ནི། ཕྱི་ལོ་༢༠༡༨ ཟླ་༡ པོའི་ནང་རྡོ་རྗེ་གདན་དུ་སྔ་འགྱུར་རྒྱལ་ཡོངས་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་༢༩ པ་འཚོགས་བཞིན་པའི་སྐབས། སྔ་འགྱུར་བའི་བླ་ཆེན་རྣམ་པ་དང་། རྙིང་མའི་སྤྱི་འཐུས། སྨོན་ལམ་ཆེན་མོའི་རྒྱུན་ལས་རྣམ་པ། གཞན་འབྲེལ་ཡོད་མཁན་སྤྲུལ་སོགས་འདུ་འཛོམས་ཐོག གྲོས་བསྡུར་བྱས་མཐར་ཚང་མ་བློ་སེམས་གཅིག་མཐུན་གྱིས་དང་པོ་གདན་ས་ཆེན་མོ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་དང་། རྫོགས་ཆེན་གཉིས་ལས་བརྒྱན་བབ་ལྟར་ཀཿཐོག་དགེ་རྩེ་རིན་པོ་ཆེ་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་བཞག་ཞུས་པ་དང་། དེ་འཕྲོར་རྫོགས་ཆེན་རིན་པོ་ཆེ་བསྐོ་བཞག་གནང་རྒྱུ་དང་། གཞན་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་གཞན་བཞི་རིམ་པར་རྒྱན་བབ་ལྟར། ཞེ་ཆེན། སྨིན་གྲོལ་གླིང་། རྡོ་རྗེ་བྲག དཔལ་ཡུལ་བཅས་བསྐོ་བཞག་གནང་བར་གཏན་ཁེལ། དུས་ཡུན་ལོ་གསུམ་རེར་དབུ་འཛིན་ཐུགས་འགན་བཞེས་དགོས་པ་ཐག་བཅད་ཡོད་ནའང་། རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པ་ཀཿ ཐོག་དགེ་རྩེ་རིན་པོ་ཆེ་༢༠༡༨ ལོའི་ཕྱི་ཟླ་༡༡ པའི་ཚེས་༡༩ ཉིན་བལ་ཡུལ་དུ་གློ་བུར་སྐུ་གཤེགས་ཡོད་པ་རེད།

རྫོགས་ཆེན་རིན་པོ་ཆེ་ནི་ཕྱི་ལོ་༡༩༦༤ ལོར་འབྲས་ལྗོངས་སྒང་ཐོག་ཏུ་སྐུ་འཁྲུངས་ཤིང་། རྒྱལ་དབང་ཀརྨ་པ་༡༦ པས་རྫོགས་ཆེན་རིན་པོ་ཆེ་སྒང་ཐོག་ཏུ་འཁྲུངས་ཡོད་གསུངས་པ་ལྟར། མཁན་པོ་ཟླ་ཟེར། ར་ཧོར་མཁན་པོ་ཐུབ་བསྟན། མི་ཉག་པ་རྒྱལ་དབང་ཉི་མ། དཔོན་སློབ་ཞབས་གྲྭ་བླ་མ་རང་བྱུང་། མཁན་ཆེན་བརྩོན་འགྲུས་སོགས་ཀྱིས་བླ་ལྷ་ཡོངས་ལ་བརྟག་དཔྱད་ཞུས་པ་ལྟར་རྡོ་གྲུབ་རིན་པོ་ཆེས་ངོས་འཛིན་གནང་སྟེ་འཇིགས་མེད་བློ་གསལ་དབང་པོ་ཞེས་མཚན་གནང་བ་དང་། ཕྱི་ལོ་༡༩༧༢ ཟླ་༡༠ ཚེས་༨ དགུང་གྲངས་དགུའི་སྐབས་སུ་འབྲས་ལྗོངས་ཆོས་རྒྱལ་རིམ་བྱོན་གྱི་ཕོ་བྲང་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་དུ་རྡོ་གྲུབ་རིན་པོ་ཆེ་དབུ་བཞུགས་ཐོག་གསེར་ཁྲི་མངའ་གསོལ་མཛད། འབྲས་ལྗོངས་བཤད་གྲྭར་ཞུགས་ཏེ་མཁན་བརྩོན་འགྲུས་མདུན་ནས་སྤྱོད་འཇུག་དང་མངོན་པ་སོགས་གསན་བཞེས་གནང་། རྡོ་གྲུབ་རིན་པོ་ཆེ་དང་མཁྱེན་བརྩེ་རིན་པོ་ཆེ། བདུད་འཇོམས་རིན་པོ་ཆེ། འཁྲུལ་ཞིག་རིན་པོ་ཆེ། མཁན་ཆེན་པདྨ་ཚེ་དབང་སོགས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་རྣམས་ལས་བཀའ་གཏེར་དང་པད་གླིང་ཆོས་སྐོར་སོགས་སྔ་འགྱུར་བའི་ཟབ་ཆོས་མང་པོ་མ་ལུས་ཞུས། ༧གོང་ས་མཆོག་གིས་རྫོགས་ཆེན་རིན་པོ་ཆེའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་ཞིང་གཙུག་ཕུད་བཞེས་ཏེ་མཚན་ལ་འཇིགས་བྲལ་ལྷུན་པོ་ཞེས་གསོལ། ཞབས་བརྟན་གསོལ་འདེབས་ལྗགས་རྩོམ་གནང་ནས་སྔ་འགྱུར་བསྟན་པའི་བདག་པོར་གཟེངས་བསྟོད་མཛད་པ་དང་། ༧གོང་ས་མཆོག་གི་བཀའ་མངགས་བཞིན་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་ཞུགས་ཏེ་སློབ་གཉེར་ཐོས་བསམ་གནང་།

དེ་རྗེས་བོད་རྫོགས་ཆེན་དགོན་དང་དགོན་ལག་བཅས་པར་ཕེབས་ཏེ་ཕྱིས་སུ་ཡང་ཡང་ཕེབས་པར་ཞལ་བཞེས་མཛད། ཕྱི་ལོ་༡༩༩༢ ལོར་འཕགས་ཡུལ་དུ་རྫོགས་ཆེན་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕྱི་ནང་གི་རྟེན་བརྟེན་པ་དང་བཅས་བཞེངས་ཏེ་༧གོང་ས་མཆོག་གིས་རབ་གནས་བཀའ་དྲིན་བསྐྱངས། དེ་བཞིན་རིན་པོ་ཆེ་ཕྱི་གླིང་གི་རྒྱལ་ཁབ་གང་སར་ཡོད་པའི་རིས་མེད་ཆོས་ཚོགས་ཁག་ཏུ་ལོ་ལྟར་ཕེབས་ཏེ་འགྲོ་བའི་དོན་མཛད་ཀྱི་ཡོད་པ་དང་། རྫོགས་ཆེན་དགོན་དུ་ལོ་ལྟར་སྨིན་གྲོལ་གྱི་གདམས་པ་གནང་གི་ཡོད་པ་རེད། རྒྱ་གར་ལྷོ་ཕྱོགས་ཀོ་ལིས་སྒར་གཞིས་ཆགས་སུ་མི་མང་ཚོགས་ཁང་དང་སྤྱི་ཁང་གསར་རྒྱག་གིས་མཚོན་གློག་དང་ཟམ་པ་སོགས་ཀྱི་མཐུན་རྐྱེན་གང་མཁོ་སྐྲུན་གྱི་ཡོད་པ་མ་ཟད། ༢༠༠༠ ལོ་ནས་གཞིས་ཆགས་ནང་རྒན་གསོ་ཁང་དང་སློབ་གྲྭ་འཕྲོད་བསྟེན་སྨན་ཁང་སོགས་ཉམས་གསོ་མཛད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༢༤༣༣ ཀློག་གྲངས།