ནོར་རྒྱལ་གླིང་བཟོ་གྲྭས་འབྲས་ཀྱི་ཐོན་ཟོག་མི་འདྲ་བ་བཞི་བཏོན་འདུག

རྒྱ་གར་བྷན་ཌ་ར་བོད་མིའི་གཞིས་ཆགས་ནོར་རྒྱལ་གླིང་གི་འབྲས་ཀྱི་བཟོ་གྲྭས། འབྲས་རིགས་མི་འདྲ་བ་༤ བཏོན་ནས་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ནང་དུ་ཚོང་འགྲེམས་བྱེད་རྒྱུ་དང་། རྗེས་སུ་རྒྱ་གར་གྱི་ཁྲོམ་རའི་ནང་དུ་ཚོང་འགྲེམས་བྱེད་འཆར་འདུག

ཟླ་༡ པོའི་ཚེས་༡༥ ཉིན་དྷ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཀྱི་གཉའ་ཁྲི་ཚོགས་ཁང་དུ། བྷན་ཌ་ར་བོད་མིའི་གཞིས་ཆགས་ནོར་རྒྱལ་གླིང་གི་མཉམ་འབྲེལ་གྱི་གངས་ལྗོངས་ནོར་འབྲས་བཟོ་གྲྭས་བཏོན་པའི་འབྲས་ཀྱི་ཐོན་རྫས་ཁྱབ་བསྒྲགས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་། དེ་གར་བོད་མིའི་སྒྲིག་འཛུགས་ཀྱི་འཆར་འགོད་འགན་འཛིན་ཊོག་ཊར་དཀོན་མཆོག་བརྩོན་འགྲུས་དང་། ནོར་རྒྱལ་གླིང་མཉམ་འབྲེལ་གྱི་ཚོགས་གཙོ་དང་དྲུང་ཆེ། དེ་བཞིན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་བཅས་ཕེབས་འདུག

དེ་ཡང་ཕྱི་ལོ་༢༠༡༤ ལོར་༧གོང་ས་མཆོག་ནོར་རྒྱལ་གླིང་གཞིས་ཆགས་སུ་ཕེབས་སྐབས། གཞིས་ཆགས་ཀྱི་མཉམ་འབྲེལ་ལ་འབྲས་ཐག་ཉོ་ཆེད་དུ་ཧིན་སྒོར་འབུམ་༡༥༧ གནང་འདུག་བ་དང་། ནང་སྲིད་ལས་ཁུངས་ཀྱིས་ཧིན་སྒོར་འབུམ་༥ དང་འབྲས་ཀྱི་བཟོ་གྲྭ་འཛུགས་ཆེད་ཀྱི་ས་ཆའི་ཆོག་མཆན་གནང་ནས། ཕྱི་ལོ་༢༠༡༥ ལོ་ནས་འབྲས་ཐག་བཀོལ་སྤྱོད་བྱེད་འགོ་བཙུགས་འདུག ད་ལྟའི་ཆར་ནོར་རྒྱལ་གླིང་གི་གངས་ལྗོངས་ནོར་འབྲས་བཟོ་གྲྭས། གཞིས་ཆགས་དེར་ཡོད་པའི་བོད་མིའི་ཞིང་ས་ཨེ་ཀར་༤༠༥ ནས་ཐོན་པའི་འབྲས་དང་། དེ་བཞིན་རྒྱ་གར་ཡུལ་མིའི་ཞིང་ཁ་ནས་ཐོན་པའི་འབྲས་རྣམས་ཁྲོམ་རའི་རིན་གོང་ལྟར་ཉོས་ཏེ། བཟོ་གྲྭའི་འབྲས་ཐག་བརྒྱུད་གཙང་སེལ་བྱས་ཏེ་འབྲས་རིགས་མི་འདྲ་བ་བཞིའི་ཐོན་རྫས་བཏོན་བཞིན་འདུག

ད་ལྟའི་ཆར་ནོར་འབྲས་དྲི་ཞིམ་འབྲས་(Aromatic Rice) དང་ནོར་འབྲས་གངས་དཀར (silky Rice) ལ་རིགས་མི་འདྲ་བ་གཉིས། དེ་བཞིན་ནོར་འབྲས་སྨུག་པོ་(Brown Rice) བཅས་ཐོན་རྫས་མི་འདྲ་བ་བཏོན་བཞིན་ཡོད་ཁར། མ་འོངས་པར་འབྲས་ཐུག་དང་སྣུམ་སོགས་ཀྱི་ཐོན་སྐྱེད་ལས་དོན་ལ་འཇུག་རྒྱུའི་འཆར་གཞི་དང་། དེ་ལ་བརྟེན་བོད་མི་རྣམས་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་རྒྱུའི་གདེངས་ཚོད་ཡོད་འདུག

འཆར་འགོད་འགན་འཛིན་ཌོག་ཌར་དཀོན་མཆོག་བརྩོན་འགྲུས་ཀྱིས། རྒྱ་གར་ནང་བྷན་ཌ་ར་དེ་འབྲས་ཀྱི་བང་མཛོད་ཡིན་པ་ལྟར། བོད་མིའི་གཞིས་ཆགས་ཀྱི་ཉེ་ཁུལ་དུ་ཆུ་མཛོད་ལ་བརྟེན་ནས་འབྲས་ཀྱི་ཞིང་ལས་འདེབས་འཛུགས་ཀྱི་ལས་དོན་ལ་ཆ་རྐྱེན་ཡག་པོ་ཡོད་པ། འབྲས་ཐག་དེ་ལ་བརྟེན་ནས་བོད་མི་རྣམས་མ་ཟད་ཉེ་འཁོར་གྱི་རྒྱ་གར་ཡུལ་མི་རྣམས་ལ་ཡང་ཕན་ཐོགས་ཡོང་གི་ཡོད་པ། འབྲས་ཀྱི་ཐོན་ཟོག་རྣམས་བོད་མིའི་སྤྱི་ཚོགས་ཡོངས་སུ་སླེབས་ཐུབ་པའི་ནུས་པ་དང་། མ་འོངས་པར་རྒྱ་གར་གྱི་ཁྲོམ་ར་ནང་དུ་ཡང་སླེབས་ཐུབ་པའི་ནུས་པ་ཡོད་སྐོར་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༦༣ ཀློག་གྲངས།