དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་ལས་དོན་རྙོག་གྲ་ཆེ་རུ་ཕྱིན་འདུག

དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐེ་རི་སཱ་མཱེ་ཡིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་བྱས་ཏེ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་རྗེས་ཚོང་འབྲེལ་སོགས་ཀྱི་ཆ་རྐྱེན་ཐོག་བཞག་པའི་གྲོས་མཐུན་དེར། དབྱིན་ཡུལ་གྱི་གྲོས་ཚོགས་ནང་ཕམ་ཁ་ཆེན་པོ་བྱུང་འདུག་པས། ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་སླེབས་ལ་ཉེ་བ་དང་བསྟུན། གྲོས་ཚོགས་ནང་རྒྱབ་སྐྱོར་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་ཆགས་འདུག

ཟླ་༡ པོའི་ཚེས་༡༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དབྱིན་ཡུལ་གྱི་གྲོས་ཚོགས་ནང་དུ། སྲིད་བློན་ལྕམ་ཐེ་རི་སཱ་མཱེ་ཡིས་ཡུ་རོབ་མཐུན་ཚོགས་དང་གྲོས་མོལ་ཐེངས་མང་བྱས་ཏེ། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་རྗེས་ཚོང་འབྲེལ་དང་བདེ་སྲུང་ལས་དོན་ཐོག་མཉམ་ལས། དེ་བཞིན་ས་མཚམས་སོགས་ཀྱི་ཐད་ལ་བཞག་པའི་གྲོས་མཐུན་དེའི་ཐོག་རྒྱབ་སྐྱོར་ཡོད་མེད་ཀྱི་འོས་བསྡུ་བྱས་འདུག་པ་དང་། གྲོས་མཐུན་དེར་གྲོས་ཚོགས་འཐུས་མི་༤༣༢ ཀྱིས་དགག་པ་བརྒྱབ་ཡོད་ཁར། གྲོས་ཚོགས་འཐུས་མི་༢༠༢ ཀྱིས་རྒྱབ་སྐྱོར་བྱས་ནས། གྲོས་མཐུན་དེར་ཕམ་ཁ་ཆེན་པོ་བྱུང་འདུག ཕམ་ཁ་ཆེན་པོ་དེ་ནི་དུས་རབས་ཉེར་གཅིག་ནང་དབྱིན་ཡུལ་གྱི་གཞུང་ཞིག་ལ་གྲོས་ཚོགས་ནང་ཕམ་ཁ་ཆེ་ཤོས་ཡིན་འདུག

གྲོས་ཚོགས་ནང་ཕམ་ཁ་ཆེན་པོ་བྱུང་བ་ལ་བརྟེན་ནས། ཕྱོགས་འགལ་ཚོགས་པས་གྲོས་ཚོགས་ནང་གཞུང་འཛིན་ཚོགས་པར་གདེངས་ཚོད་ཡོད་མེད་ཀྱི་འོས་བསྡུ་བྱེད་དགོས་པའི་དགོས་འདུན་བཏོན་པ་ལྟར། དེའི་ཐོག་གྲོས་ཚོགས་ནང་བགྲོ་གླེང་བྱེད་རྒྱུ་ཡིན་འདུག གལ་ཏེ་གྲོས་ཚོགས་ནང་ལ་གཞུང་འཛིན་ཚོགས་པར་གདེངས་ཚོད་མེད་པའི་འོས་ཤོག་མང་བ་ཆགས་ཚེ། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱེད་དགོས་པ་ཆགས་རྒྱུ་ཡིན་འདུག་ཀྱང་། དཔྱད་བརྗོད་པ་ཚོས་བརྗོད་ན། ཕྱོགས་འགལ་ཚོགས་པ་གཙོ་བོ་དེ་མིན་པའི་སྲིད་དོན་ཚོགས་པ་གཞན་ཚོས། ལྕམ་མཱེའི་གཞུང་ལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་གྲོས་མཐུན་ལེགས་བཅོས་བྱེད་རྒྱུའི་གོ་སྐབས་སྤྲོད་རྒྱུའི་འདོད་པ་ཡོད་སྐོར་བརྗོད་པ་ལྟར། གྲོས་ཚོགས་ནང་མོའི་གཞུང་ལ་གདེངས་ཚོད་མེད་པའི་ཕྱོགས་ཁག་ལ་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་བཞིན་འདུག

ལྕམ་མཱེ་ཡིས་གལ་ཏེ་མོའི་གཞུང་ལ་གྲོས་ཚོགས་ནང་གདེངས་ཚོད་ཡོད་པའི་རྒྱབ་སྐྱོར་ཐོབ་ཚེ། སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་གྲོས་མོས་བྱས་ཏེ། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་གྲོས་མཐུན་གསར་པ་ཞིག་ལ་ཐོག་ལ་མོས་མཐུན་ཡོང་ཐབས་བྱེད་རྒྱུ་དང་། མོ་དང་གྲོས་ཚོགས་བར་མོས་མཐུན་བྱུང་ཚེ། གྲོས་མཐུན་གྱི་འཆར་གཞི་གསར་པ་དེ་ཡུ་རོབ་མཐུན་ཚོགས་ལ་མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག འོན་ཀྱང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོས། དེ་སྔོན་གྲོས་མཐུན་གསར་པ་འཇོག་རྒྱུའི་འཆར་གཞི་མེད་སྐོར་བརྗོད་ཡོད་ཁར། ཟླ་༣ པའི་ཚེས་༢༩ ཉིན་དབྱིན་ཡུལ་དེ་ཡུ་རོབ་ནས་ཕྱིར་འཐེན་བྱེད་པའི་དུས་བཀཀ་ཚེས་གྲངས་ཡིན་འདུག་པས། དེ་སྔོན་དུ་གྲོས་མཐུན་དེར་དབྱིན་ཡུལ་གྲོས་ཚོགས་ནང་རྒྱབ་སྐྱོར་མ་ཐོབ་ཚེ། གྲོས་མཐུན་གང་ཡང་མེད་པའི་ཐོག་ནས་ཕྱིར་འཐེན་བྱེད་དགོས་པ་ཡིན་འདུག་པས། དེ་ལྟར་བྱུང་ཚེ་དབྱིན་ཡུལ་གྱི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་ཐེབས་རྒྱུ་ཡིན་ཁར། དགོས་མཁོའི་ཅ་དངོས་མང་པོ་ཞིག་མི་རག་པའི་དཀའ་ངལ་འཕྲད་རྒྱུ་རེད་འདུག

དབྱིན་ཡུལ་ནང་མི་མང་པོ་ཞིག་གིས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད། མང་མོས་འོས་བསྡུའི་ཐག་གཅོད་ཐེངས་གཉིས་པ་ཞིག་གོ་སྒྲིག་བྱེད་རྒྱུ་གལ་ཆེན་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང་། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པ་གཙོ་བོ་གཉིས་ཀྱིས་གནད་དོན་དེར་ཁས་ལེན་བྱེད་ཀྱི་མེད་འདུག ཡུ་རོབ་མཐུན་ཚོགས་བཙུགས་ནས་བཟུང་ཚོགས་མི་རྒྱལ་ཁབ་གཅིག མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱེད་མཁན་དབྱིན་ཡུལ་གཅིག་པུ་ཡིན་འདུག

དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་པས། ཟླ་༧ པའི་ཚེས་༡༣ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་བློན་ལ་ལྕམ་ཐེ་རི་སཱ་མཱེ་བསྐོ་གཞག་བྱས་ཡོད་པ་རེད།

ཡུ་རོབ་མཐུན་ཚོགས་ནས་ཚོགས་མི་རྒྱལ་ཁབ་གཅིག་ཕྱིར་འཐེན་བྱེད་རྒྱུ་ཡིན་ཚེ། གྲོས་དོན་ཡིག་ཆ་༥༠ ལྟར་ཕྱིར་འཐེན་གྱི་སྙན་ཞུ་རྒྱག་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་ལོ་གཉིས་ནང་ཚུད་དུ་ཕྱིར་འཐེན་གྱི་གྲོས་མོལ་བྱས་ཏེ་དུས་བཀཀ་ཚེས་གྲངས་ཉིན་ཕྱིར་འཐེན་དངོས་སུ་བྱེད་དགོས་ཀྱི་ཡོད་འདུག་པས། དབྱིན་ཡུལ་གྱི་སྲིད་བློན་ལྕམ་མཱེ་ཡིས་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་ཚེས་༢༩ ཉིན་ཕྱིར་འཐེན་གྱི་སྙན་ཞུའི་ཐོག་མིང་རྟགས་བཀོད་ཡོད་པས། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༢༩ ཉིན་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་དངོས་སུ་ཕྱིར་འཐེན་བྱེད་དགོས་པ་རེད་འདུག

སྤྱིར་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནང་ཕྱིར་འཐེན་བྱེད་དགོས་དོན་དེ། རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་གནས་སྤོ་བ། བདེ་སྲུང་སོགས་ཀྱི་སྲིད་བྱུས་རྣམས་ཡུ་རོབ་མཐུན་ཚོགས་ལ་བསྟུན་མི་དགོས་པར་འཇོག་ཐབས་དང་། མི་མང་ལ་ལས་ཀའི་གོ་སྐབས་བསྐྲུན་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་སོགས་ཡིན་སྐོར་བསྒྲགས་བཞིན་ཡོད་ཀྱང་། དཔྱད་བརྗོད་པ་མང་པོ་ཞིག་གིས། ཕྱི་ལོ་༢༠༡༦ ལོ་ནས་ཡུ་རོབ་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་འགྲོ་བཞིན་ཡོད་ཁར། སྐྱབས་བཅོལ་བ་ས་ཡ་མང་པོ་ཡུ་རོབ་ནང་སླེབས་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། དབྱིན་ཡུལ་ནང་ཕྱི་མི་དང་སྐྱབས་བཅོལ་བ་འགོག་ཐབས་ཆེད་དུ་འོས་ཤོག་འཕངས་པ་ཡིན་པ་ལས། ཕྱིར་འཐེན་དེའི་དགོས་པ་དངོས་དང་མཇུག་འབྲས་སྐོར་ལ་གོ་རྟོགས་མཐིལ་ཕྱིན་པ་མེད་སྐོར་བརྗོད་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༢༥ ཀློག་གྲངས།