འཇར་མན་གསང་བའི་ལས་ཁང་གིས་མི་རིགས་རིང་ལུགས་ཚོགས་པར་བྱ་ར་བྱེད་རྒྱུ་རེད་འདུག

ཕྱི་ལོ་༢༠༡༧ ལོར་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་། རྐུབ་སྟེགས་༩༤ ཐོབ་མཁན་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པར། རྒྱལ་ཁབ་དེའི་གསང་བའི་ལས་ཁང་གིས་ཐལ་ཆེ་བའི་བྱ་སྤྱོད་ལ་འཇུག་གི་ཡོད་མེད་ཀྱི་བྱ་ར་བྱེད་རྒྱུ་ཡིན་འདུག

ཟླ་༡ པོའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཇར་མན་གྱི་ནང་སྲིད་གསང་བའི་ལས་ཁང་གིས། རྒྱལ་ཁབ་དེའི་སྲིད་དོན་ཚོགས་པ་འཇར་མན་གྱི་འདམ་ག་(Alternative for Germany) ཞེས་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་མཁན་དེས། དྲག་སྤྱོད་དང་འཁོན་འཛིན་སློང་བ་སོགས་ཐལ་ཆེ་བའི་བྱ་སྤྱོད་ལ་འཇུག་གི་ཡོད་པའི་དོགས་པའི་འོག་བྱ་ར་བྱེད་རྒྱུ་ཡིན་འདུག དེ་ཡང་འཇར་མན་གྱི་རྩ་ཁྲིམས་ནང་གསང་བའི་ལས་ཁང་དེར། མང་གཙོའི་ལམ་ལུགས་ལ་ཉེན་ཚབས་ཆེ་བའི་བྱ་སྤྱོད་འགོག་པའི་དབང་ཚད་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༧ ལོའི་འཇར་མན་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ། དམག་ཆེན་གཉིས་པའི་རྗེས་སུ་ཐེངས་དང་པོར་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་གྱི་སྲིད་དོན་ཚོགས་པ་ཞིག་ལ། གྲོས་ཚོགས་ནང་རྐུབ་སྟེགས་ཐོབ་ཡོད་པ་རེད། དེ་ཡང་འཇར་མན་ནང་སྲིད་བློན་ལྕམ་མེར་ཁེལ་གྱིས་སྐྱབས་བཅོལ་བ་ས་ཡ་གཅིག་ལྷག་བླངས་པ་མ་ཟད། ཡུ་རོབ་ནང་སྐྱབས་བཅོལ་བའི་ས་ཡ་མང་པོ་སླེབས་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་བསྟུན། སྐྱབས་བཅོལ་བ་དང་ལྷག་པར་དུ་ཁ་ཆེ་ཆོས་ལུགས་དང་དེའི་རྗེས་འབྲངས་པའི་སྐྱབས་བཅོལ་བ་ཚོ་བཀག་འགོག་གི་ལྟ་བ་ཁྱབ་སྤེལ་བྱེད་མཁན། འཇར་མན་གྱི་གདམ་ག་ཞེས་པའི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཆེ་རུ་ཕྱིན་ནས། གྲོས་ཚོགས་ནང་གི་རྐུབ་སྟེགས་༧༠༩ ནས་༩༤ སྲིད་དོན་ཚོགས་པ་དེར་ཐོབ་ཡོད་པ་རེད།

དེ་བཞིན་ཟླ་༥ པའི་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འོས་བསྡུའི་ནང་། ཡུ་རོབ་ཀྱི་རྒྱལ་ཁབ་གཞན་ནང་གི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་ཆེན་པོ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞི་པ་ལྟར། འཇར་མན་གྱི་སྲིད་དོན་ཚོགས་པ་དེར་ཡང་རྒྱབ་སྐྱོར་ཆེན་པོ་ཐོབ་རྒྱུའི་ཚོད་དཔག་བྱེད་བཞིན་འདུག

འཇར་མན་གྱི་གསང་བའི་ལས་ཁང་གིས་སྲིད་དོན་ཚོགས་པ་དེའི་ཡན་ལག་གཞོན་སྐྱེས་ཚོགས་པ་དང་འབྲེལ་ཡོད་ཚོགས་པ་གཞན་ཞིག་ལ། བྱ་ར་དོ་ནན་པོ་བྱེད་རྒྱུ་རེད་འདུག

འཇར་མན་གྱི་སྲིད་བློན་ལྕམ་མེར་ཁེལ་གྱི་སྐྱབས་བཅོལ་བར་འཛིན་པའི་གུ་ཡངས་ཀྱི་སྲིད་བྱུས་ལ་བརྟེན་ནས། ཁོང་གི་སྲིད་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པ་རྣམས་ལ། མངའ་སྡེ་ཁག་གི་འོས་བསྡུར་ཕམ་ཉེས་ཆེན་པོ་བྱུང་ཡོད་པས། མོས་གཞུང་འཛིན་ཚོགས་པ་དེའི་འགོ་ཁྲིད་ཀྱི་འོས་བསྡུར་འོས་འགྲན་བྱེད་རྒྱུ་མིན་པའི་གསལ་བསྒྲགས་བྱེད་དགོས་འཁེལ་ཡོད་པ་རེད། དེ་ཡང་སྲིད་དོན་ཚོགས་པ་དེར་འགོ་ཁྲིད་གསར་པ་ཞིག་སླེབས་ཚེ། མི་མང་ནང་རྣམ་པ་གསར་པ་ཞིག་སླེབས་ནས། སྐབས་རྗེས་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ནང་ཤུགས་རྐྱེན་ཆེ་རུ་ཡོང་ཐབས་ཡིན་སྐོར་དཔྱད་བརྗོད་པ་ཚོས་གླེང་བཞིན་འདུག

འཇར་མན་གྱི་མི་རིགས་རིང་ལུགས་ལྟ་བ་མཁྲེགས་འཛིན་མཁན་གྱི་སྲིད་དོན་ཚོགས་པ་འཇར་མན་གྱི་གདམ་ག་ཞེས་པ་དེ་ཕྱི་ལོ་༢༠༡༣ ལོར་བཙུགས་ཡོད་པ་དང་། དེའི་འཇར་མན་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་དང་། ཡུ་རོབ་མཐུན་ཚོགས་ལ་ཁ་གཏད། དེ་བཞིན་ཁ་ཆེ་ཆོས་ལུགས་དང་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་རིང་ལུགས། གནས་སྤོ་བ་དང་སྐྱབས་བཅོལ་བ་སོགས་ལ་ཁ་གཏད་ཀྱི་ལྟ་བ་འཛིན་མཁན་ཡིན་འདུག དེ་བཞིན་ཚོགས་པ་དེས་མང་གཙོའི་ལམ་ལུགས་ནང་དུ་འཐུས་མིའི་(Representative) ལམ་ལུགས་མིན་པར་ཐད་ཀར་(ཡང་དག་) (Direct /pure) མང་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག དེ་ཡང་ཐད་ཀར་མང་གཙོའི་ལམ་ལུགས་ནང་རྒྱལ་ཁབ་ཀྱི་སྲིད་བྱུས་སོགས་མི་མང་གིས་ཐད་ཀར་འོས་ཤོག་འཕངས་ནས་ཐག་གཅོད་བྱེད་དགོས་ཀྱི་ཡོད་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༠༠༣ ཀློག་གྲངས།