བོད་ལུགས་གསོ་རིག་མཁས་ཅན་ཞིག་ལ་སྨན་པ་བཟང་པོའི་མཚན་སྙན་ཐོབ་འདུག

ཟླ་འདིའི་ཚེས་༡༤ ཉིན་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱི་བཅོས་ལྟེ་གནས་སྤྱི་ཁྱབ་ཁང་གི་འགན་ཁུར་བ་བསོད་ནམས་དངོས་གྲུབ་ལ་ཀྲུང་འགོའི་སྨན་པ་བཟང་པོ་ཞེས་པའི་མཚན་སྙན་སྤྲད་པའི་གནས་ཚུལ་འདུག

དེ་ཡང་རྒྱ་ནག་གཞུང་འབྲེལ་གྱི་མི་དམངས་དྲ་བའི་ནང་བཀོད་པ་ལྟར་ན། ཀྲུང་དབྱངས་ཤེས་དཔལ་གཞུང་ལས་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་༢༠༡༨ ལོའི་ཟླ་༡༢ པའི་ཟླ་འཁོར་གྱི་མི་སྣ་“ཀྲུང་གོའི་སྨན་པ་བཟང་པོ། ཀྲུང་གོའི་ནད་གཡོག་བཟང་པོ།”ཞེས་པ་ཁྱབ་བསྒྲགས་བྱས་ཡོད་འདུག་པ་དང་། དེའི་ནང་ཕུལ་བྱུང་གི་སྨན་དོན་མི་སྣ་༡༠ དང་ཚོགས་པ་༡ ཡོད་པའི་ནང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱི་བཅོས་ལྟེ་གནས་ཀྱི་འགན་ཁུར་བ་བསོད་ནམས་དངོས་གྲུབ་ལ་སྨན་པ་བཟང་པོའི་མཚན་སྙན་ཐོབ་ཡོད་འདུག དེ་སྔོན་ཁོང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞེས་པས་རྒྱལ་ཡོངས་སྔོན་ཐོན་ལས་དོན་པ་དང་རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་གི་གྲགས་ཅན་སྨན་པ་རྒན་གྲས། དེ་བཞིན་རྒྱལ་ཡོངས་ཀྱི་སྨན་པའི་ཀུན་སྤྱོད་མིག་དཔེ་སོགས་ཀྱི་མཚན་སྙན་ཐོབ་ཡོད་འདུག

ལོ་ན་༤༧ སོན་པའི་བསོད་ནམས་དངོས་གྲུབ་ནི་སྙེ་མོ་རྫོང་ནས་ཡིན་ཞིང་། ཆུང་དུས་ནས་བོད་སྨན་ཆེད་སྦྱོང་གི་འདུན་པ་ཡོད་པ་ལྟར་ལོ་༢༠ ལྷག་གི་རིང་བོད་ཀྱི་གསོ་བ་རིག་པ་ལ་སྦྱངས་པ་དང་ཉམས་མྱོང་བསགས་ཡོད་པ་དང་། དེའི་རིང་བོད་ཀྱི་གསོ་བ་རིག་པའི་མཁས་པ་གྲགས་ཅན་ཁྲོ་རུ་ཚེ་རྣམ་དང་སྨན་པ་བྱམས་པ་འཕྲིན་ལས། དེ་བཞིན་ཐུབ་བསྟན་ཚེ་རིང་སོགས་དགེ་རྒན་དུ་བསྟེན་ནས་གསོ་རིག་རྒྱུད་བཞི་ལ་བྱང་ཆུབ་པར་བྱས་ཡོད་པ་དང་། སྤྱིར་སྨན་བཅོས་ལག་ལེན་དང་སྨན་སྦྱོར་སོགས་ཀྱི་ལག་ལེན་ཐད་ལ་མཁྱེན་རྒྱ་ཆེ་ཞིང་། ལྷག་ཏུ་བོད་སྨན་གྱི་དངུལ་ཆུ་བཙོ་སྦྱང་དང་དེ་མིན་རིན་ཆེན་རིགས་ཀྱི་སྨན་སྦྱོར། རིན་ཆེན་གྲང་སྦྱོར་སོགས་སྨན་གྱི་བསྡུ་སྦྱོར་གྱི་ལག་རྩལ་བྱང་ཆུབ་ཡོད་འདུག

ལག་ལེན་ཁྲོད་དུའང་བསོད་ནམས་དངོས་གྲུབ་ཀྱིས་སྲོལ་རྒྱུན་གྱི་གསོ་བ་རིག་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་གསོ་རིག་དང་ཕན་ཚུན་ལྟ་རྟོག་བྱས་ནས། རང་སྦྱོང་དང་།  ཟབ་སྦྱོང་། ཞིབ་འཇུག་སོགས་ཀྱི་ཐབས་ལམ་བརྒྱུད་གསོ་བ་རིག་པའི་ཤེས་བྱ་རྒྱུན་ཆད་མེད་པར་སྦྱངས་ཡོད་སྐད་དང་། གཞན་ཡང་བོད་ཡིག་གི་བརྡ་རྙིང་དང་། རིག་གནས་ཆེ་ཆུང་བཅུ། གནམ་རིག་སྐར་རྩིས་བཅས་ཀྱི་གཞུང་ལུགས་སྦྱངས་ནས་ཁོང་དུ་ཆུབ་ཡོད་པར་བརྗོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༠༣༧ ཀློག་གྲངས།