ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁང་ལ་འབྲེལ་ལམ་བཅད་འདུག

རྒྱ་ནག་གཞུང་གིས་འགྲོ་སོང་ཕོན་ཆེན་བཏང་ནས་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་མང་པོ་ནང་བཙུགས་པའི་ཁུང་ཙི་ལྟེ་གནས་ཁང་(Confucius Institute) ལ། ཤེས་ཡོན་པ་དང་སྲིད་དོན་པ་མང་པོ་ཞིག་གིས་དོགས་པ་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཉེ་ཆར་ལྟེ་གནས་ཁང་དེ་ལ་འབྲེལ་ལམ་བཅད་འདུག

ཟླ་༡ པོའི་ཚེས་༡༦ ཉིན་ཨ་རིའི་རྒྱལ་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལོ་སྔོན་མར་ཨ་རིའི་(Massachusetts Boston) གཙུག་ལག་སློབ་གཉེར་ཁང་གི་སློབ་མ་དང་སློབ་དཔོན། སློབ་ཟུར་བཅས་ལས་གྲུབ་པའི་རུ་ཁག་ཅིག་གིས། སློབ་གཉེར་ཁང་དེའི་རིགས་བདག་ལ་འཕྲིན་ཡིག་ཅིག་བཏང་ནས། ཁུང་ཙི་ལྟེ་གནས་ཁང་དེ་སློབ་གཉེར་ཁང་གི་ཁོར་ཡུག་ནང་ཡོད་པའི་རྐྱེན་གྱིས། ལྟེ་གནས་ཁང་དེའི་ཐད་ཀར་ཐེ་བྱུས་སམ་ཡང་ན་རང་ངོས་ནས་སྲིད་དོན་དང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གལ་ཆེའི་གནད་དོན་རྣམས་ཁ་བཀག་གི་ཡོད་པའི་སེམས་འཚབ་བྱས་ཏེ། ཉེ་ཆར་སློབ་གཉེར་ཁང་གིས་ཁུང་ཙི་ལྟེ་གནས་ཁང་དང་འབྲེལ་ལམ་བཅད་འདུག

རྒྱ་ནག་གཞུང་གིས་ཁུང་ཙི་ལྟེ་གནས་ཁང་དེ་བརྒྱུད་ནས་རྒྱལ་སྤྱིའི་ནང་རིག་གཞུང་བརྗེ་ལེན་གྱི་ལས་དོན་སྤེལ་གྱི་ཡོད་སྐོར་བརྗོད་ནས། འགྲོ་སོང་ཕོན་ཆེན་གཏོང་གི་ཡོད་འདུག འོན་ཀྱང་རྒྱལ་སྤྱིའི་ནང་ལྟེ་གནས་ཁང་དེ་ནི་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་གསང་ཉུལ། འཇམ་པོའི་སྟོབས་ཤུགས་འཕེལ་རྒྱལ་ཀྱི་ལས་དོན་སྤེལ་མཁན་གྱི་ཡན་ལག་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཁར། ཨ་རིའི་གཞུང་གི་གསང་བའི་ལས་ཁང་གིས་ལྟེ་གནས་དེ་ཚོའི་ལས་དོན་ལ་བྱ་ར་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

ད་བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་གཞན་༡༢ ཀྱིས་ལྟེ་གནས་ཁང་དེ་དང་འབྲེལ་ལམ་བཅད་ཟིན་འདུག

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སཱི་ཐ་མུལ་ཊོན་གྱིས། གཙུག་ལག་སློབ་གཉེར་ཁང་དེའི་རིགས་བདག་དང་ཐུག་ནས་གནད་དོན་དེའི་སྐོར་གྲོས་སྡུར་བྱས་ཡོད་ཁར། ངོ་དེབ་ཐོག་ཡོང་ཁྱབ་ཀྱིས་ཁུང་ཙི་ལྟེ་གནས་ཁང་དེས། རྒྱ་ནག་དང་འབྲེལ་བའི་སློབ་ཚན་ལ་ལོག་བཤད་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་སྡིགས་ར་བསྐུལ་བ། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པ་རྣམས་ལ་བཟོད་སྲན་མེད་པ་དང་གུ་ཡངས་ཀྱི་བགྲོ་གླེང་བྱེད་པའི་ཁོར་ཡུག་མེད་པ་བཟོ་ཡི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག

སློབ་གཉེར་ཁང་དེའི་རིགས་བདག་གིས་ཨ་རིའི་ནང་ཁུང་ཙི་ལྟེ་གནས་ཁང་དེའི་ཐོག་སེམས་འཚབ་ཡོད་པའི་རྣམ་པ་མང་པོ་བསྟན་ཡོད་པས་འབྲེལ་ལམ་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་པ་དང་། དེ་བཞིན་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་སློབ་གཉེར་ཁང་དེར་སྦྱོང་རྒྱུ་ཡོད་པ་བཟོ་ཆེད་དུ། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་ཡོད་པའི་(Renmin University) མི་དམངས་སློབ་གྲྭ་ཆེན་མོ་དང་གྲོས་མོལ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་ཁུང་ཙི་ལྟེ་གནས་ཁང་༤༠༠ ལས་མང་བ་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༣༢༥ ཀློག་གྲངས།