བཙན་བྱོལ་དང་ཕྱི་སྡོད་བོད་མི།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༤  ཕྱི་ལོ་ ༢༠༡༩/༡ /༡༦

ཉེ་བའི་ཆར་བརྒྱུད་ལམ་ཁག་ཅིག་དང་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་གྱི་བོད་པའི་མི་འབོར་ཞིབ་བཤེར་བྱེད་པའི་འགེངས་ཤོག་དང་འབྲེལ་ནས་གླེང་སློང་སྣ་ཚོགས་ཤིག་བྱུང་སོང་བ་དང་། འགེངས་ཤོག་དེར་“ཕྱི་སྡོད་བོད་མི་”ཞེས་པ་ལས་“བཙན་བྱོལ་བོད་མི་”ཞེས་འཁོད་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ཚོར་བ་འདྲ་མིན་སྣ་ཚོགས་བྱུང་བ་རེད། བཙན་བྱོལ་བོད་མི་དང་། ཕྱི་སྡོད་བོད་མི་ཞེས་པའི་ཐ་སྙད་འདི་ལ་ཆབ་སྲིད་དང་མ་འབྲེལ་བར་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་གོ་བ་བླངས་ན་གཅིག་པ་ལྟ་བུ་ཡིན་ཡང་། ཆབ་སྲིད་ཀྱི་གནད་དོན་ཐོག་ནས་བལྟས་ན་ཁྱད་པར་ཧ་ཅང་ཆེན་པོ་ཡོད། མི་འབོར་ཞིབ་བཤེར་གྱི་འབྲེལ་ཡོད་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ཀྱིས་མིང་ཚིག་དེའི་སྐོར་གསལ་བཤད་གནང་བ་བཞིན། ད་ལན་མིང་ཚིག་དེ་བེད་སྤྱོད་བཏང་བ་ནི་ཆབ་སྲིད་ཀྱི་རྒྱབ་ལྗོངས་ཐོག་ནས་མིན་པར་ད་ལྟ་བཙན་བྱོལ་བོད་མིའི་གནས་སྟངས་ཚང་མ་ཚུད་ཐུབ་པའི་ཆེད་དུ་ཡིན་འདུག

ད་ལན་གནད་དོན་དེ་དང་འབྲེལ་བའི་ཐོག་ནས་དགོངས་ཚུལ་མང་པོ་བྱུང་ཡོད་པའང་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་བབས་ཐོག་ནས་བཤད་ན་དགའ་འོས་པ་ཞིག་ཏུ་གྱུར་ཡོད། མིའི་སྤྱི་ཚོགས་སུ་གནས་ཚུལ་ག་རེ་བྱུང་ཡང་ཚོར་སྣང་མེད་པར། མར་མེ་རླུང་གིས་བསད་ཀྱང་འཛུམ་དམུལ་དམུལ་དང་། ལྷ་བཤོས་ཁྱིས་ཟོས་ཀྱང་འཛུམ་དམུལ་དམུལ་བྱེད་པ་ནི་ཆབ་སྲིད་ཀྱི་གནས་བབས་ཐོག་ནས་མི་འོས་ཤིང་། ལྷག་པར་སྲིད་དོན་གྱི་ཐོག་ནས་སྐྱབས་བཅོལ་དུ་ཡོང་དགོས་ཐུག་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་དེ་བས་ཀྱང་མ་འགྲིག་པ་རེད། རྒྱ་དམར་གཞུང་གི་བཙན་འཛུལ་དྲག་གནོན་ལ་བྱོལ་ནས་ཡོང་བའི་བོད་མི་ལ་བཙན་བྱོལ་བོད་མི་ཞེས་བརྗོད་པ་དོན་དང་མཐུན་ཞིང་། དེ་ཡང་༧གོང་ས་མཆོག་གིས་དགོངས་པ་གཏིང་ཟབ་བཞེས་ནས་མིང་ཚིག་དེ་བེད་སྤྱོད་གནང་བ་ཞིག་ཡིན་པ་བཀའ་སློབ་སྔ་རྗེས་ལས་ཤེས་ཐུབ། སྐབས་འདིར་༧གོང་ས་མཆོག་གི་མཚན་དྲངས་པ་དེ་ཡང་མིང་ཚིག་དེའི་བྱུང་རིམ་ཙམ་བརྗོད་པ་ལས། ༧གོང་ས་མཆོག་གི་གཟི་བརྗིད་ལ་བརྟེན་ནས་གང་ཉིད་ཀྱི་མཚན་ལག་ཆ་རུ་བེད་སྤྱོད་བཏང་བ་ཞིག་གཏན་ནས་མིན།

མིང་ཚིག་དེ་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་པ་དང་། བཙན་བྱོལ་བོད་མི་ནི་གོང་དུ་བརྗོད་པ་བཞིན་རྒྱ་དམར་གཞུང་གི་བཙན་འཛུལ་དྲག་གནོན་བྱས་པའི་བོད་མི་རྣམས་མིའི་ལུང་པར་སྲིད་དོན་སྐྱབས་བཅོལ་དུ་ཡོང་བ་ཞིག་ཏུ་གོ་དགོས་ཤིང་། ཕྱི་སྡོད་བོད་མི་ཞེས་པའི་མིང་ཚིག་ལ་དེ་ལྟ་བུའི་གོ་དོན་ཁ་གསལ་མེད་པར། བོད་ནང་དུ་མ་བསྡད་པར་དེའི་ཕྱི་ལོགས་སུ་ཡོད་པ་ཙམ་ལ་གོ་བ་དང་། རྒྱ་དམར་གཞུང་གིས་ཚིག་དེ་བེད་སྤྱོད་བྱེད་སྟངས་ལྟར་ན་རྒྱ་ནག་རྒྱལ་ཁབ་ཀྱི་ཕྱི་ལོགས་སུ་ཡོད་པའི་ཆབ་འབངས་ཙམ་ལ་གོ་བའི་འགྲེལ་བཤད་བྱེད་བཞིན་ཡོད། མིང་ཚིག་དེ་ནི་རྩ་དོན་འཐབ་རྩོད་ཀྱི་བྱུང་རིམ་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གང་ཐད་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པས། ཕྱི་སྡོད་བོད་མི་ཞེས་པ་ལས་བཙན་བྱོལ་བོད་མི་འདི་ཉིད་བེད་སྤྱོད་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་མི་དང་པོ་སྐྱེས་དུས་གཅིག་གྱུར་ཡོངས་ཁྱབ་ཀྱི་ཐ་སྙད་བྱིས་པ་ཞེས་བེད་སྤྱོད་གཏོང་ནའང་། འཚར་ལོང་བྱུང་རིམ་བཞིན། བྱིས་པ་ཞེས་པའི་ཐ་སྙད་དེ་བེད་སྤྱོད་མི་བྱེད་པར་འགྱུར་བ་རང་བཞིན་གྱིས་འགྲོ་བ་ལྟ་བུ་འདི་ཡང་དོན་དངོས་རེད།

ད་ཆ་བཙན་བྱོལ་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་ཁག་ཏུ་གནས་སྡོད་བྱས་ཡོད་པ་དང་། དེ་དག་གི་ཁྲོད་ནས་རྒྱལ་ཁབ་སོ་སོའི་མི་སེར་གྱི་ཐོབ་ཐང་མ་རག་ན་མ་གཏོགས། མི་ལེན་མཁན་ནི་ཧ་ཅང་དཀོན་པོར་གྱུར་ཡོད་ལ། བལ་ཡུལ་དང་འབྲུག་ཡུལ་ལའང་གཅིག་མཚུངས་སུ་གྱུར་ཡོད། དེང་སྐབས་རྒྱ་གར་དུ་གནས་སྡོད་བོད་མི་ཚོས་ཀྱང་རྒྱ་གར་མི་སེར་གྱི་ཐོབ་ཐང་ཁྲིམས་ཐོག་ནས་ལེན་མཁན་མང་དུ་འགྲོ་བཞིན་ཡོད་སྟབས། བཙན་བྱོལ་བོད་མི་ཞེས་པའི་ཐ་སྙད་འདི་དོན་དངོས་སུ་མ་འོངས་པར་གནས་བབས་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་བོད་པ་རང་ངོས་ནས་བསམ་བློ་གཏོང་དགོས་པ་མ་ཟད། རྒྱལ་ཁབ་གཞན་གྱི་མི་སེར་བླངས་ཟིན་པ་ཁག་ཅིག་གིས་དེའི་སྤོབས་པའམ་ང་རྒྱལ་ལ་བརྟེན་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཆེད་དུ་གཏོར་བཤིག་གཏོང་ཐབས་བྱེད་མཁན་ཡང་རེ་ཟུང་མེད་པ་མིན། གང་ལྟར་ཕྱི་ལོགས་སུ་ཡོད་པའི་བོད་པ་ཡོངས་རྫོགས་ཚུད་ཐུབ་པའི་མིང་ཚིག་ཅིག་བེད་སྤྱོད་གཏོང་དགོས་ན་བཙན་བྱོལ་བོད་མི་དང་། ཕྱི་སྡོད་བོད་མི་ཞེས་པ་འདི་ཡང་མི་འདོད་བཞིན་དུ་བསམ་བློ་གཏོང་དགོས་པའི་ཐ་སྙད་གྲས་སུ་ཚུད་ཡོད།

མདོར་ན་སྤྱི་ཚོགས་ནང་ཕྱི་སྡོད་བོད་མི་ཞེས་བརྗོད་མི་འོས་པའི་བསམ་ཚུལ་འདོན་མཁན་བྱུང་བར། བོད་མིའི་སྒྲིག་འཛུགས་ཀྱིས་དེར་ཆབ་སྲིད་ཀྱི་སྲིད་བྱུས་དང་རྒྱབ་ལྗོངས་ལ་བརྟེན་ནས་ཆེད་དུ་འགྱུར་བ་བཏང་བ་ཞིག་མིན་པ་དང་། མི་མང་གི་བསམ་ཚུལ་ལ་བརྟེན་ནས་མི་འབོར་ཞིབ་བཤེར་གྱི་འགེངས་ཤོག་ཏུ་བཀོད་པའི་ཕྱི་སྡོད་བོད་མི་ཞེས་པ་བཙན་བྱོལ་བོད་མིར་སྒྱུར་རྒྱུའི་གསལ་བསྒྲགས་ཀྱང་གནང་སོང་། གནང་སྟངས་འདི་ནི་མང་གཙོའི་སྤྱི་ཚོགས་ནང་མི་མང་གིས་གཞུང་གི་ལས་དོན་བྱེད་ཕྱོགས་ལ་སྐྱོན་བརྗོད་དང་བསམ་ཚུལ་འདོན་ཆོག་པ་མ་ཟད། གཞུང་གིས་དེ་ལ་ཉན་འཇོག་གིས་དུས་ཐོག་བཅོས་བསྒྱུར་གནང་སོང་བས། རྒྱ་དམར་གཞུང་ལ་མཚོན་ན་འདི་ལྟ་བུའི་ཁོར་ཡུག་མེད་པ་དང་བསྡུར་ན་དོན་གྱིས་མང་གཙོའི་སྤྱི་ཚོགས་ཀྱི་རང་དབང་དང་ཁེ་ཕན་ཆེན་པོ་ཡོད་པ་ར་སྤྲོད་བྱས་པ་རེད། མ་འོངས་པར་པར་ཡང་སྒེར་ནད་སྤྱི་སྤུངས་ལྟ་བུ་མ་ཡིན་པར་སྒྲིག་འཛུགས་དང་འབྲེལ་ཡོད་ལས་སྣེ་བའི་སྐྱོན་དང་ནོར་འཁྲུལ་མཐོང་ཚེ་སྤྱི་དོན་གཙོར་བཟུང་གིས་བསམ་ཚུལ་བཏོན་ན་ཕན་ཐོགས་ཡོད་ངེས་རེད།།

Share this:
༦༧༥ ཀློག་གྲངས།