རྒྱ་གར་གྱི་ཆོས་དཔོན་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

རང་ལོ་༥༡ ཡིན་པའི་རྒྱ་གར་གྱི་ཆོས་དཔོན་ཞིག་ལ། བུད་མེད་ལ་བཙན་གཡེམ་དང་གསར་འགོད་པ་ཞིག་བསད་པའི་ནག་ཉེས་འོག ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

ཟླ་༡ པོའི་ཚེས་༡༧ ཉིན་རྒྱ་གར་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། བུད་མེད་རྗེས་འབྲངས་པ་གཉིས་ལ་བཙན་གཡེམ་བཏང་བའི་ནག་ཉེས་འོག ལོ་༢༠ ཡི་བཙོན་འཇུག་ཁྲིམས་ཆད་འཁུར་བཞིན་པའི་རྒྱ་གར་གྱི་ཆོས་དཔོན་གྷུར་མེཌ་རམ་ར་ཧེམ་སིང་གིས། ཁོའི་ངན་སྤྱོད་ཕྱིར་བསྒྲགས་བྱེད་མཁན་གསར་འགོད་པ་བསད་པའི་ནག་ཉེས་འོག ཁྲིམས་ཁང་ཞིག་གིས་ཚེ་བཙོན་ཁྲིམས་ཆད་བཏང་འདུག་པ་དང་། ཁོའི་རོགས་པ་གསུམ་ལ་ཡང་ཚེ་བཙོན་ཁྲིམས་ཐག་བཅད་འདུག

རྒྱུན་དུ་རང་གི་རྗེས་འབྲངས་པར་འཁྲིགས་སྤྱོད་དང་ཆང་རག་སོགས་འཛེམས་ནས། ཆོག་ཤེས་དང་བག་ཡོད་ཀྱི་མི་ཚེ་སྐྱེལ་དགོས་པའི་བསླབ་བྱ་སྤེལ་མཁན་རྒྱ་གར་གྱི་ཆོས་དཔོན་གྷུར་མེཌ་སིང་གིས། ཁོང་གི་ཆོས་ཚོགས་ནང་བུད་མེད་ལ་བཙན་གཡེམ་འཁྲིག་སྤྱོད་ཀྱི་བྱ་བར་འཇུག་གི་ཡོད་པའི་སྐོར་གྱི་གནས་ཚུལ་ཞིག ཕྱི་ལོ་༢༠༠༢ ལོར་གསར་འགོད་པ་ཞིག་གིས་ཚགས་པར་ཐོག་ཕྱིར་བསྒྲགས་བྱས་པའི་ཉིན་༥ ཡི་རྗེས་སུ། ཆོས་དཔོན་དེའི་རྗེས་འབྲངས་པས་གསར་འགོད་པ་དེར་མེ་མདའ་བརྒྱབ་ནས་བསད་ཡོད་འདུག

གསར་འགོད་པ་དེ་བསད་པའི་རྗེས་སུ་ཁོང་གི་བུས། ཆོས་དཔོན་དེ་ལ་བཙན་གཡེམ་དང་མི་བསད་པའི་ཉེས་འཛུགས་ཀྱི་ལས་དོན་སྤེལ་ནས། རྗེས་སུ་ཆོས་དཔོན་དུ་འཛིན་བཟུང་བྱས་ཡོད་པ་རེད་འདུག

རྒྱ་གར་ནང་ཆོས་དཔོན་དེའི་ཆོས་ཚོགས་༤༦ ཡོད་ཁར། ཆོས་ཚོགས་དེས་རྒྱལ་སྤྱིའི་ནང་ཆོས་དཔོན་དེའི་རྗེས་འབྲངས་པ་ས་ཡ་༦༠ ལས་མང་བ་ཡོད་སྐོར་བསྒྲགས་མྱོང་འདུག

དམར་གསོད་བཏང་བའི་གསར་འགོད་པ་དེའི་ནང་མི་ཚོས། ལོ་༡༦ རིང་དྲང་བདེན་ཡོང་ཆེད་དུ་དཀའ་ལས་བརྒྱབ་ཡོད་འདུག་པ་དང་། ཐེངས་འདིར་ཁོང་ཚོས་ཆོས་དཔོན་དེར་སྲོག་ཐོག་ཉེས་ཆད་གཏོང་བའི་རེ་བ་བྱས་འདུག་ཀྱང་། ཚེ་བཙོན་ཁྲིམས་ཐག་བཅད་པ་དེ་ཡང་འདོད་པ་ཚིམས་ཡོད་སྐོར་དང་། ཆོས་དཔོན་དེ་མི་ཚེ་གང་བཙོན་ཁང་ནང་ཉིན་ལྟར་རང་གི་ནག་ཉེས་རྣམས་བསྐྱར་དྲན་གྱིས་ངུས་ནས་ལྷག་རྒྱུ་ཡིན་སྐོར་གསར་འགོད་པ་དེའི་བུ་དང་བུ་མོས་བརྒྱུད་ལམ་ཁག་ཏུ་བརྗོད་འདུག

ཆོས་དཔོན་དེས་དེ་སྔོན་ཁྲག་ཞལ་འདེབས་ཀྱི་ལས་འགུལ་དང་། ཁོར་ཡུག་གཙང་བཟོའི་ལས་འགུལ། དེ་བཞིན་ཁོའི་ཆོས་ཚོགས་ཀྱིས་རྗེས་འབྲངས་པ་༡༠༠༠ ཡིས་སྨད་ཚོང་མ་དང་དང་བླངས་ཐོག་ཆང་ས་རྒྱག་རྒྱུ་གོ་སྒྲིག་བྱེད་མྱོང་ཡོད་པ་རེད་འདུག ཁོ་ལ་རྗེས་འབྲངས་པ་ཕོན་ཆེན་ཡོད་པས། སྲིད་དོན་ཚོགས་པ་མང་པོ་ཞིག་གིས་ཁོའི་རྒྱབ་སྐྱོར་རག་ཐབས་བྱེད་མྱོང་ཡོད་འདུག་ལ། ཁོང་གིས་ཀྱང་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཆེ་ཤོས་གཉིས་ལ་དུས་ཚོད་འདྲ་མིན་ཐོག་རྒྱབ་སྐྱོར་བྱེད་མྱོང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༦༩༨ ཀློག་གྲངས།