ཁེར་ཇི་སེ་ཐན་ནང་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་འདུག

ཨེ་ཤི་ཡའི་རྒྱལ་ཁབ་ཁེར་ཇི་སེ་ཐན་(Kyrgyzstan) ནང་དུ། རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་ཁར། རྒྱ་མི་ལས་ཀ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པར་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཁར། རྒྱ་ནག་ནང་དུ་ཡུ་གུར་མི་རིགས་དང་མཉམ་དུ་ཁེར་ཇེ་མི་རིགས་མང་པོ་ཞིག་ཀྱང་བཙན་དབང་ཐོག་ནས་བཀག་ཉར་བྱེད་ཀྱི་ཡོད་པས་རྒྱ་ནག་ལ་མི་དགའ་བའི་ཚོར་བ་ཤུགས་ཆེན་ཡོད་འདུག་ལ། སྐབས་དེར་ངོ་རྒོལ་བ་༢༡ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཟླ་༡ པོའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་རེའུ་ཊར་ཐོག་ཏུ་གནས་ཚུལ་སྤེལ་གསལ། ཁེར་ཇི་སེ་ཐན་གྱི་རྒྱལ་ས་བྷི་ཤཱིག་ནང་དུ། མི་བརྒྱ་ལས་མང་བས་རྒྱལ་ཁབ་དེའི་ནང་རྒྱ་མི་ལ་རྒྱལ་ཁབ་དེའི་ནང་ལས་ཀ་བྱེད་ཆེད་ཀྱི་ཆོག་མཆན་སྤྲོད་རྒྱུ་སྟངས་འཛིན་དགོས་པ་དང་། དེ་བཞིན་རྒྱལ་ཁབ་དེའི་རྒྱ་ནག་ལ་སྤྲོད་དགོས་པའི་བུ་ལོན་ཉུང་དུ་གཏོང་དགོས་པ། རྒྱལ་ཁབ་དེའི་ནང་རྒྱ་ནག་གི་ཤུགས་རྐྱེན་ཆུང་དུ་གཏོང་དགོས་པ། ཁེར་ཇི་མི་རིགས་དང་རྒྱ་རིགས་བར་ཆང་ས་བཀག་འགོག་བྱེད་དགོས་པ། རྒྱ་མི་ལས་ཀ་སྤྲད་མཁན་ཚོང་ལས་ཁང་དེ་ཚོར་ཞིབ་འཇུག་བྱེད་དགོས་པ། རྒྱ་ནག་ནས་བྱུང་བའི་བུ་ལོན་རྣམས་ཀྱི་བྱུང་སོང་ཐད་རྩིས་ཞིབ་བྱེད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་འདུག རྒྱལ་ཁབ་དེའི་རྒྱལ་ནང་གི་བརྒྱུད་ལམ་ཁག་ཏུ་ངོ་རྒོལ་བ་༢༥༠ ལྷག་ཡོད་སྐོར་བརྗོད་འདུག་ལ། བདུན་ཕྲག་སྔོན་མར་ཡང་ལས་འགུལ་དེ་འདྲ་ཞིག་སྤེལ་ཡོད་འདུག

དེ་བཞིན་ཡུ་གུར་ས་གནས་སུ། རྒྱ་ནག་གིས་ཡུ་གུར་མི་རིགས་དང་མཉམ་དུ་ཁེར་ཇི་མི་རིགས་མང་པོ་ཞིག་བཙན་དབང་བཀག་ཉར་བྱེད་ཀྱི་ཡོད་པའི་གནས་ཚུལ་ལ་བརྟེན་ནས། རྒྱ་ནག་ལ་མི་དགའ་བའི་ཚོར་བ་ཤུགས་ཆེ་རུ་ཕྱིན་ཡོད་འདུག

ངོ་རྒོལ་ལས་འགུལ་དེ་ལ་ཆོག་མཆན་སྤྲད་པའི་དུས་ཚོད་ཡོལ་རྗེས། ལས་འགུལ་བ་ཁག་ཅིག་གིས་རྒྱལ་ཁབ་དེའི་སྲིད་འཛིན་དང་གྲོས་ཚོགས་ཁང་གི་ཁང་བརྩེགས་ཕྱོགས་སུ་འགྲོ་འགོ་བཙུགས་ཡོད་འདུག་པས། ཉེན་རྟོག་པས་ལས་འགུལ་བ་༢༡ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

རྒྱ་ནག་གིས་ཁེར་ཇི་སེ་ཐན་ལ་འཛུགས་སྐྲུན་ཆེད་དུ་བུ་ལོན་གཡར་གྱི་ཡོད་ཁར། འཛུགས་སྐྲུན་གྱི་ལས་གཞི་ཡང་རྒྱ་ནག་གི་ཚོང་ལས་ཁང་ཚོས་སྤེལ་གྱི་ཡོད་པས། རྒྱལ་ཁབ་དེའི་ནང་རྒྱ་ནག་གི་དཔལ་འབྱོར་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པ་དང་བསྟུན། རྒྱ་མི་ལས་ཀ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པས། མི་མང་ནང་སེམས་འཚབ་དང་མི་དགའ་བའི་ཚོར་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

ལས་འགུལ་བ་ཚོས་རྒྱ་ནག་ནས་ཡིན་པའི་ཁེར་ཇི་མི་རིགས་ཡིན་ན་མ་གཏོགས། རྒྱ་རིགས་ལ་མི་སེར་ཐོབ་ཐང་སྤྲོད་མི་ཆོག་པའི་དགོས་འདུན་ཡང་བཏོན་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༤༦༡ ཀློག་གྲངས།