བོད་དོན་རྒྱབ་སྐྱོར་ཟེར་དུས་ང་ཚོར་ཐོབ་ཐང་ཡོད་པ་དེ་སྲུང་ཐབས་བྱེད་དགོས་སྐོར་གསུངས་སོང་།

ཨ་བོད་ཚོགས་པའི་(USTC) འགན་འཛིན་བསོད་ནམས་དབང་འདུས་ལ་བོད་དོན་ལས་འགུལ་དང་འབྲེལ་བའི་བཅར་འདྲི། ཨ་བོད་ཚོགས་པ་ནི་༡༩༧༧ ལོར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མཉམ་རུབ་ཀྱིས་བཙུགས་པ་དང་། བོད་དོན་ལས་འགུལ་གང་མང་སྤེལ་གྱི་ཡོད་པ་རེད།

དྲི་བ། ཨ་བོད་ཚོགས་པ་ངོ་སྤྲོད་མདོར་བསྡུས་གནང་རོགས།
ལན། ཨ་བོད་ཚོགས་པ་༡༩༧༧ ལོར་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མཉམ་རུབ་ཀྱིས་བཙུགས་པ་དང་། ང་དེའི་སྐབས་རྒྱབ་སྐྱོར་བྱེད་མཁན་ལས་འཛུགས་མཁན་གྲས་མ་རེད། ཐོག་མར་བོད་མི་ཨ་རིར་འབྱོར་བ་ཚོས་མི་སེར་ལག་ཁྱེར་ཞུ་སྐབས། སྐྱེས་ཡུལ་མི་ཁོངས་རྒྱ་ནག་འབྲི་དགོས་ཡོད་པ་དེ་འགྲིག་གི་མི་འདུག་ཅེས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ནས་འགོ་བཙུགས་རེད། གཅིག་དགུ་བདུན་ཅུ་དོན་བརྒྱད་ཡས་མས་སུ་ཨ་རིའི་གཞུང་གིས་སྲིད་ཇུས་ལ་འགྱུར་བ་བཏང་སྟེ། བོད་མི་ཚོས་སྐྱེས་ཡུལ་རྒྱ་ནག་འབྲི་མི་དགོས་པ་བྱས་རེད། བོད་བྲིས་ན་ཡང་དཀའ་ངལ་འདྲ་ཡོད་རེད་དེ། སྐྱེས་ཡུལ་དཔེར་ན་གཞིས་ཀ་རྩེ་དང་། ལྷ་ས། སྐྱེས་ཡུལ་བོད་ཀྱི་ས་གནས་གང་ཞིག་ཡིན་ནའང་དེ་འབྲི་ཆོག་གི་ཡོད་པ་ཆགས་རེད། ཨ་རི་དང་ཁེ་ན་ཊའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་པོ་དེ་ཕལ་ཆེར་ཡིན་གྱི་རེད།

དྲི་བ། ལས་འགུལ་རིགས་གཙོ་བོ་ག་རེ་གནང་ཡོད་པ་རེད།
ལན། གཅིག་ལག་ཁྱེར་དེ་རེད། དེ་ནས་སྲིད་དོན་སྐྱབས་བཅོལ་བ་ཞུ་རྒྱུའི་སྐོར་རེད། ང་ཚོ་བོད་རང་ནས་ཡོང་མཁན་སྲིད་དོན་སྐྱབས་བཅོལ་ཞུ་དགོས་མཁན་ཁ་ཤས་ལ་ཐུག་སོང་། ཁོང་ཚོར་སྲིད་དོན་རྒྱབ་སྐྱོར་ཞུ་ཆེད། ཁྲིམས་རྩོད་པའི་ཚོགས་པ་ཞིག་བཙལ་ནས་རོགས་པ་བྱེད་ཐུབ་མིན་འདྲི་སྐབས། ཐུབ་ཀྱི་རེད་ཟེར། ངས་བོད་མི་ཚོར་དེ་འདྲ་ཞིག་འདུག དངོས་གནས་བཤད་ན་ཉེན་ཁ་ཡོད་མ་རེད་དེ། མཐའ་གཅིག་ཏུ་ཉེན་ཁ་ཡོད་མ་རེད་ལབ་ཐུབ་ཀྱི་མ་རེད། མཚམས་རེར་སྙན་ཞུ་ངོས་ལེན་མ་བྱས་པ་དེ་འདྲ་ཡོང་གི་ཡོད་པས། ཨ་རིའི་ཁྲིམས་ཀྱི་འགྲོ་ལུགས་ལྟར་བསྐྱར་གཏུག་མང་པོ་བྱེད་ས་ཡོད་པ་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཁྲིམས་རྩོད་པ་ཆེ་ཤོས་ཁ་ཤས་རག་སོང་བས། སྙན་ཞུ་དེ་ཁོང་ཚོས་ལྟ་རྒྱུ་ལས་ང་ཚོས་ཁ་ཐུག་ཡོང་གི་མེད་པས། དེ་བྱས་པ་ཡིན། གཅིག་དགུ་བརྒྱད་ཅུ་ནང་ཨ་རིར་བོད་མི་གཞིས་ཆགས་ལེན་སྐབས། ཁོང་ཚོས་ང་ཚོའི་ཚོགས་པར་རོགས་པ་བྱེད་རོགས་ཟེར། གཞིས་ཆགས་ལེན་རྒྱུར་ཨ་རི་གཞུང་གིས་དཔལ་འབྱོར་གྱི་རོགས་པ་མེད་པས། ང་ཚོས་ཁོང་ཚོར་ལས་ཀ་དང་། སྡོད་གནས་འཚོལ་རོགས་བྱས། མི་ཚེའི་འགན་ལེན་ཡིག་ཆ་བཟོ་རོགས་དེ་འདྲ་བྱས་རེད། གཅིག་དགུ་དགུ་བཅུ་གོ་དགུ་དང་ཉིས་སྟོང་ཡས་མས་སུ་རྒྱ་ནག་གཞུང་གི་ངོས་ནས་རྒྱ་མི་དབུལ་པོའི་རིགས་བོད་ཀྱི་ས་གནས་སུ་གནས་སྤོ་འཛུགས་སྐྲུན་ཆེད་འཛམ་གླིང་དངུལ་ཁང་ནས་དངུལ་གཡར་རྒྱུ་རེད་འདུག ང་ཚོས་དེ་འདྲ་མི་སེར་སྤེལ་བ་འགྲིག་གི་མ་རེད་ལབ་ཡིན་ལ། དེའི་སྔོན་ང་ཚོས་ལག་ཁྱེར་སྐོར་ལས་ཀ་བྱེད་སྐབས། ཨ་མདོ་ཕྱོགས་ཀྱི་མི་ལ་འབྲེལ་བ་བྱུང་ཡོད་པས། ཁོང་ཚོ་ནང་ཁུལ་ལ་འབྲེལ་བ་བྱུང་ནས། ཕ་ཡུལ་རང་ནས་དངུལ་དེ་མ་གཡར་རོགས། དངུལ་དེ་གཡར་ན་ང་ཚོར་སྲོག་ཆད་བཏང་བ་དང་ཁྱད་པར་ཡོད་མ་རེད་ཟེར་བའི་སྙན་ཞུ་ཁ་ཤས་འབྱོར་སོང་། དེ་ནས་འཛམ་གླིང་དངུལ་ཁང་གི་རྩིག་པའི་ཐོག་འབྱར་བ་སོགས་ངོ་རྒོལ་ལས་འགུལ་སྤེལ། ཁ་ཤས་ཀྱིས་སྐྱབས་བཅོལ་བའི་ས་གནས་དེ་འདྲ་འཚོགས་ནས་ངོ་རྒོལ་བྱས་ཡིན། དེའི་སྐབས་ང་ཚོ་གཅིག་པུ་མ་རེད། ཚོགས་པ་མང་པོ་མཉམ་རུབ་བྱས་ཡོད་རེད། དེའི་ནང་གཅིག་མི་ལ་རས་པ་ཐེབས་རྩ་ཁང་ཡོད་རེད་ལ། ཁོང་ཚོའི་ལས་ཁུངས་ཤིག་ཉི་ཧོང་གི་རྒྱལ་སར་ཡོད་རེད་ལ། དངུལ་ཁང་ནས་ཉི་ཧོང་གི་སྐུ་ཚབ་ཅིག་ཡོད་པས། མི་མང་ནང་ས་ཡིག་བསྡུས་ནས་ཉི་ཧོང་གཞུང་ལ་དངུལ་དེ་མ་གཡར་རོགས་ཞེས་འབོད་སྐུལ་ལས་འགུལ་དང་སྙན་ཞུ་ཕུལ་ཆོག་པར་ཆོག་མཆན་ཞུས་རེད། རྗེས་སུ་ཉི་ཧོང་གིས་དེར་དོ་སྣང་བྱས་ཏེ་ཕྱིར་འཐེན་བྱས་པ་དང་། རྒྱ་ནག་གཞུང་གིས་དངུལ་དེ་རག་གི་མི་འདུག་བསམ་ཡིན་གྱི་རེད་ཨ། ཁོ་རང་ཚོས་ཕྱིར་འཐེན་བྱས་རེད།
རྒྱ་ནག་གི་རྡོ་སྣུམ་བཟོ་གྲྭ་ཆེན་པོ་ཞིག་ཡོད་པ་དེས་ནིའུ་ཡོག་ལ་སྣུམ་བཙོང་སྐབས། ཁོང་ཚོས་ཐེར་འབུམ་བཅུ་ཙམ་བཙོང་ཐུབ་རྒྱུར་ཚོད་དཔག་བྱས་འདུག ང་ཚོས་ངོ་རྒོལ་མང་པོ་བྱས་པ་དང་། ཚོང་པ་ཚོར་ཡི་གེ་བཀྲམ་སྟེ་ཚོང་དེ་མ་རྒྱག་རོགས་ལབ་པ་རེད། མཐའ་མ་ཐེར་འབུམ་གསུམ་ཙམ་ལས་བཙོང་ཐུབ་ཡོད་མ་རེད། ང་ཚོས་ལས་འགུལ་སྤེལ་སྐབས་འཆར་བཞི་བཟོས། ཁྱབ་བསྒྲགས་བྱས་ནས་ཚོགས་པ་གཞན་པ་མཉམ་ཞུགས་བྱེད་མཁན་ཡོད་ན་མཉམ་ལས་བྱེད་ཀྱི་ཡོད། ཚོགས་པ་ཁ་ཤས་དེ་ང་ཚོའི་ཡིན་ཟེར་བ་འདྲ་ཡོང་གི་འདུག དེ་མ་ཡིན་པར་གཞན་པས་ཡག་པོ་བྱེད་ཀྱི་ཡོད་ན་ང་ཚོས་རྒྱབ་སྐྱོར་གཙང་མ་བྱེད་ཀྱི་ཡོད། ང་ཚོས་རྒྱུ་མཚན་ཐོག་ནས་གནད་དོན་གཙོ་བོ་མ་བརླགས་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་༡༩༩༤ ལོར་ཨ་བོད་ཚོགས་པས་བཙུགས་རེད། སློབ་གྲྭ་ཁག་ནང་ལས་ཀ་རྒྱ་ཆེན་པོ་བྱེད་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད། དེ་ནས་ལས་ཁུངས་བཙུགས་ནས་ཐོག་མར་ལས་ཁུངས་ནང་མི་གཅིག་ཙམ་རེད། རིམ་པས་སློབ་གྲྭ་ཁག་ཏུ་ཡན་ལག་ཁག་བཙུགས་ནས་རྒྱ་ཆེ་རུ་ཕྱིན་པ་དང་། ༡༩༩༨ ལོར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཨ་བོད་ཚོགས་པ་གཉིས་རྩ་བའི་འབྲེལ་བ་ཡོད་པའི་ཐོག་ནས་ལོག་ཀ་བྱས་རེད།

དྲི་བ། ཨ་བོད་ཚོགས་པར་བོད་མིའི་ཆབ་སྲིད་ལངས་ཕྱོགས་ལ་ཁྱད་པར་ཡོད་མེད་དང་སྒེར་ངོས་ནས་གཟིགས་སྟངས་ག་འདྲ་རེད།
ལན། ཆབ་སྲིད་ཀྱི་ལས་ཀ་དེ་ཨ་བོད་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ། གཞོན་ནུ་ལྷན་ཚོགས་སོགས་ཀྱིས་བྱེད་ཀྱི་ཡོད་རེད། སྤྱིར་བཏང་ཕར་ཡོད་པ་མང་ཆེ་བ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། ཆབ་སྲིད་ཐོག་དེ་འདྲ་ཞེ་དྲག་ཡོད་མ་རེད། ང་ཚོ་ཆབ་སྲིད་ཐོག་འགྲོ་དགོས་པ་དེ་རྒྱ་མིས་བོད་ནང་ག་རེ་བྱེད་ཀྱི་ཡོད་མེད་ཀྱིས་རེད། དེར་ངས་དབྱེ་བ་ཞིག་འབྱེད་ཀྱི་ཡོད། ཨ་བོད་ཚོགས་པའི་ལྟ་བ་འཁྱེར་སྟངས་ཨ་རིའི་ལྟ་བ་ཁུར་སྟངས་དེ་རེད། ཨ་རིའི་ལྟ་བ་དེ་ས་ཆ་སྦར་མོ་གང་གློད་ཀྱི་མ་རེད་ཨ། ད་ལྟ་ང་རང་ཚོའི་གཞུང་གི་སྲིད་ཇུས་དེ་རྒྱ་མིའི་འོག་འདུག་རྒྱུ་དེ་ཡིན་པས། དེར་རྒྱབ་སྐྱོར་བྱས་ན་ཕན་གྱི་མི་འདུག རྒྱབ་སྐྱོར་ཟེར་བ་དེ་ཕར་ཕྱོགས་ལ་ཡོད་པའི་ཐོབ་ཐང་དེ་སྲུང་ཐབས་བྱེད་དགོས་རེད། དེར་བརྟེན་ང་ཚོའི་ལྟ་བ་རང་བཙན་ཡིན་ལ། མཐའ་མའི་ཐག་གཅོད་བོད་མི་མང་གིས་བྱེད་དགོས་པ་ལས། དེ་རེད་དང་མ་རེད་ཟེར་གྱི་ཡོད་པ་མ་རེད། སྔོན་མ་ང་ཚོ་བོད་པས་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་སྐབས། ང་ཚོས་ག་རེ་བྱེད་དགོས་མིན་ཐོག་གྲོས་བསྡུར་བྱས་པ་རེད། དེའི་ནང་བོད་པ་ཡང་ཡོད་རེད། ༧རྒྱལ་བ་རིན་པོ་ཆེས་གསུངས་དུས་ང་ཚོ་བོད་པ་ཚོས་ག་རེ་བྱེད་དགོས་རེད། ཚོགས་པ་དེ་ནི་ཨ་བོད་གཉིས་ཀའི་རེད་ལབ་རེད། ལྟ་བ་ཁྱེར་སྟངས་དེ་དངོས་གནས་རྒྱབ་སྐྱོར་བྱས་ན་ཁོང་ཚོའི་ཐོབ་ཐང་དེ་ཆག་ཡང་མ་སོང་བ་ཞིག་དགོས་པ་རེད། ངའི་ཐོབ་ཐང་དགོས་པ་དང་ཁོང་ཚོར་ཐོབ་ཐང་ཉུང་བ་འདྲ་བྱས་ན་འགྲིག་གི་མ་རེད་ཅེས་ཨ་བོད་ཚོགས་པས་རང་བཙན་ལྟ་བ་བཟུང་ནས་རྒྱབ་སྐྱོར་བྱེད་པ་དེ་འདྲ་བྱུང་བ་རེད།

གཡས། བསོད་ནམས་དབང་འདུས། ༢༠༡༥ ལོར་ལྡི་ལིའི་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོགམཉམ་ཞུགས།

དྲི་བ། ད་ལྟའི་ཆར་རང་བཙན་ལས་འགུལ་གྱི་ནུས་པ་དང་གནས་བབས་ག་འདྲ་ཡོང་གི་འདུག་དགོངས་ཀྱི་ཡོད།
ལན། ད་ལྟ་གནས་ཚུལ་སྐྱོ་པོ་དེ་ནང་ཁུལ་མ་འཆམ་པ་འདྲ་འདུག ལྟ་བ་འདྲ་མིན་ཡོང་གི་རེད་ལ་ཡོང་དགོས་པ་ཞིག་རེད། ལྟ་བ་ཏོག་ཙམ་མ་འདྲ་བ་བྱུང་དུས། ༧རྒྱལ་བ་རིན་པོ་ཆེ་ག་རེ་རེད། ༧རྒྱལ་བ་རིན་པོ་འདི་རེད་ཅེས་༧རྒྱལ་བ་རིན་པོ་ཆེ་གང་སར་དྲུད་ནས། ཐབ་ཕྱིས་ལྟ་བུ་ཆགས་ཡོང་ན་དེ་བློ་ཕམ་དགོས་པ་རེད། བོད་ནང་རང་ལུས་མེར་སྲེག་ག་ཚོད་བཏང་ཡོད་རེད། ང་རང་ཚོ་སྐྱབས་བཅོལ་ནང་སྡོད་མཁན་ཚོས་དེ་ཚོའི་ཐོག་བསམ་བློ་བཏང་ནས། ཕར་རོགས་བྱེད་མ་ཐུབ་ནའང་། ནང་ཁུལ་དཀྲུག་ཤིང་རྒྱག་པ་དང་འཐབ་རྩོད་བྱེད་འདུག་པ་དེ་མཚམས་འཇོག་བྱས། ཕར་རོགས་ཚུར་རོགས་ཐབས་ཤེས་བྱེད་དགོས་རེད། མ་ཐུབ་ན་བྱེད་རྒྱུ་མི་འདུག་ཨ།

བསོད་ནམས་དབང་འདུས་ལགས་ཀྱིས་ཁོང་གི་ལོ་རྒྱུས་དང་འབྲེལ་ནས་ལས་ཀའི་སྐོར་ངོ་སྤྲོད་གནང་དོན། ང་སྐྱེས་ས་ཁམས་རེད་ལ། རྒྱ་མི་ཐོག་མར་སླེབས་སྐབས་ཕྲུ་གུ་ཚོ་རྒྱ་ནག་གིས་སློབ་གྲྭར་འཇུག་དགོས་ཟེར་ནས། རྗེས་སུ་གཞན་ལ་ཁྲིད་འགྲོ་ཡི་ཟེར་བའི་སྐད་ཆ་ཞིག་བྱུང་རེད། དཀྲོག་གཏམ་འདྲ་ཡིན་མིན་མི་ཤེས། དེ་ནས་ངའི་ཨ་ཁུ་དེ་ཚོ་གཞིས་ཀ་རྩེ་ལ་ཡོད་པས་ང་དེར་བསྐྱལ་རེད། ལོ་ཤས་དེར་བསྡད་ནས་རྒྱ་གར་ལ་༡༩༥༤ ལོར་སླེབས་རེད། ཀ་ལི་སྤུངས་ནས་དབྱིན་ཇིའི་སློབ་གྲྭ་ཕ་མ་མེད་པར་བདག་པོ་རྒྱག་མཁན་ཞིག་ཡོད་པས། དེར་ལོ་གཅིག་སློབ་གཉེར་བྱས་ཡིན། དེ་ནས་དབྱིན་ཇི་སློབ་གྲྭའི་ St. Augustine ནང་༡༩༥༩ བར་བསྡད་ཡིན་ལ། དེ་ནས་ང་བལ་ཡུལ་ལ་སོང་ཡིན། སྐབས་དེར་ང་ལ་སྐུ་སྒེར་ཡིག་ཚང་ནས་ཡི་གེ་འབྱོར་ཏེ། དེང་སྐབས་དབྱིན་ཡིག་ཤེས་མཁན་དགོས་ཀྱི་འདུག བོད་རྒྱལ་ཁབ་དང་བོད་མི་མང་ལ་ཞབས་ཞུ་བྱེད་མཁན་ཡིན་ན་དུས་ཚོད་སླེབས་འདུག ཚུར་ཤོག་ཟེར། དེ་ནས་ང་ཚུར་ཡོང་སྟེ་དྷ་ས་དང་། སིམ་ལཱ། རྡོ་རྗེ་གླིང་། ལྡི་ལི་བཅས་སུ་ལས་ཀ་བྱས་རྗེས། ལོ་གཅིག་རིང་གཞུང་གིས་སློབ་གཉེར་ལ་བཏང་སོང་། དེ་ནས་ཨ་རིའི་དོན་གཅོད་ནང་གི་ལས་བྱེད་ལ་བསྐོ་བཞག་བྱས་རེད། བར་ལམ་ནས་གཞུང་གི་སྲིད་ཇུས་འགྱུར་བ་འགྲོ་ཡི་ཡོད་པ་འདྲ་ཡིན་པས། ༡༩༧༤ ལོ་ནས་གཞུང་ནས་དགོངས་པ་ཞུས་ཏེ། སྒེར་ངོས་ནས་ལས་ཀ་བྱས་བསྡད་ཡིན། ད་ལྟ་ང་ཨ་བོད་ཚོགས་པའི་འགན་འཛིན་ཡིན་ལ། ལས་ཀ་དེ་མང་ཆེ་བ་དང་བླངས་བྱེད་མཁན་ཡིན་པས། གང་ཐུབ་ཚོགས་པའི་དངུལ་གཏོང་མ་དགོས་པ་བྱེད་ཀྱི་ཡོད།

དྲི་བ། ཨ་རིའི་ནང་གི་གཞོན་སྐྱེས་ཚོས་བོད་དོན་ཐོག་དོ་སྣང་དང་འགན་ཁུར་ག་འདྲ་ལེན་གྱི་འདུག
ལན། ད་ལྟ་ང་ཚོའི་གནས་སྟངས་ཅུང་མི་འདྲ་བ་རེད། སྔོན་མ་ང་འདིར་ཡོད་དུས་ཚང་མ་སེམས་ཤུགས་ཆེན་པོ་རེད། འཇོན་ན་མ་འཇོན་ན་ཧུར་ཐག་རེད། བོད་ལ་ལོག་དགོས་རེད་ཅེས་རྡོག་ཁྲེས་ཤིག་ད་གྲ་སྒྲིག་འདྲ་རེད། ད་ལྟའི་གཞོན་སྐྱེས་ཚོར་ཕྱོགས་གཅིག་ནས་ཁག་ཡོད་མ་རེད། གཉིས་ནས་ང་རང་ཚོ་རྒན་པ་ཚོའི་ལྟ་བ་འཁྱེར་ཕྱོགས་ཀྱིས་ཁྱད་པར་ཡོད་པ་འདྲ་འདུག ཁ་ཤས་ཀྱིས་གཞོན་ལྷན་དང་བོད་རང་བཙན་སློབ་ཕྲུག་ཚོགས་པར་འབྲེལ་བ་བྱེད་རྒྱུར་མ་འདོད་པ་ལྟ་བུ་བྱས། དེ་ཚོ་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ལ་ངོ་རྒོལ་བྱེད་མཁན་རེད་ཅེས་ངོས་འཛིན་ནོར་འཁྲུལ་བྱས་པ་ཡོང་གི་ཡོད་ས་རེད། ངས་བསམ་པར་ཞེ་དྲག་མ་འཇོན་ནའང་། བོད་པ་ཡིན་པའི་ཆ་ནས་ཏོག་ཙམ་བྱེད་ཐུབ་ནའང་ཡག་པོ་རེད་བསམ་གྱི་འདུག དེ་མ་བྱུང་ནའང་བོད་ཀྱི་ལོ་རྒྱུས་ཏོག་ཙམ་ཤེས་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ན་ནིང་ཨ་བོད་ཚོགས་པའི་གོ་སྒྲིག་འོག དོན་གྲུབ་ལྷ་དར་ལགས་ཀྱིས་བོད་ཀྱི་རྒྱལ་རབས་སྐོར་ལ་ཟླ་བ་རེར་སློབ་ཁྲིད་ཐེངས་རེ་བྱེད་ཀྱི་ཡོད་རེད། སྔོན་མ་བོད་ཀྱི་གནས་སྟངས་དང་ཕྱི་རྒྱལ་གནས་སྟངས་བསྡུར་ཐབས། དེ་བཞིན་བོད་ལ་ཅིག་ཡོད་མ་རེད་ཅེས་དཀྱོག་བཤད་ཁག་ཡོད་པ་དེ་ཚོ་ངོ་སྤྲོད་བྱེད་ཀྱི་ཡོད་རེད་ལ། དོན་གྲུབ་ལྷ་དར་ལགས་ཀྱིས་གླ་ཆ་ལེན་གྱི་ཡོད་མ་རེད། དེ་བཞིན་རྒྱ་ནག་ལ་ངོ་རྒོལ་དེ་འཆར་ཅན་བྱེད་ཀྱི་ཡོད་རེད། རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་སོག་པོ་དང་། ཡུ་གུར། རྒྱ་ནག་མང་གཙོ་དོན་གཉེར་བ་སོགས་མཉམ་རུབ་ཡོང་ཐབས་བྱེད་ཀྱི་ཡོད། རྒྱ་ནག་གཞུང་ངོས་ནས་ཀྱང་དེ་ཚོ་ཁ་མཐུན་ཡོང་ན། རྙོག་གྲ་ཡོང་རེད་བསམ་པ་སེམས་ལ་འཁོར་གྱི་ཡོད་ས་རེད། དེ་འདྲ་བྱུང་ན་རིམ་པས་ང་ཚོར་རེ་བ་ཞིག་ཡོད་ཀྱི་བསམ་གྱི་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་བཅར་འདྲི་བྱས།༢༠༡༩།༡།༡༧

Share this:
༢༥༥༧ ཀློག་གྲངས།