རྒྱ་གཞུང་གིས་མི་མེད་ལུང་སྟོང་དུ་ཡོད་པའི་བོད་ཀྱི་ཆུ་དང་མཚོ་རྣམས་ཀྱང་དོ་དམ་བྱེད་བཞིན་ཡོད་འདུག

༢༠༡༩ ཟླ་༡ ཚེས་༢༠ ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲྭ་ཚུགས་སུ་སྤེལ་བ་ལྟར་ན། བོད་དུ་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་ཆིག་ཁྲི་ལྷག་ཙམ་ཀྱི་ལས་གནས་བཏོན་པའི་ཁྲོད་དུ་མི་མེད་ལུང་སྟོང་ཁུལ་གྱི་ཆུ་དང་མཚོ་ཡང་ཚུད་ཡོད་པར་བཤད་འདུག དེ་ཡང་བོད་ཀྱིས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་མ་ལག་བཙུགས་ནས་ཆུ་གཞུང་གིས་བོད་ལྗོངས་ནི་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་ཅེས་པ་ཞིག་ཡིན་པར་བརྗོད་དེ་ད་ཆར་བོད་ཀྱི་ཆུ་དང་མཚོ་ཐམས་ཅད་ལ་དོ་དམ་བྱེད་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་བརྗོད་པ་ལྟར་ན། གངས་ལྗོངས་ས་མཐོའི་གཙང་པོ་དང་མཚོར་སྲུང་སྐྱོང་ཡག་པོ་བྱ་ཆེད་ཡིན་པར་བརྗོད་དེ། ༢༠༡༨ ལོར། བོད་ཀྱི་ཆུ་དཔོན་དང་མཚོ་དཔོན་ཟེར་བའི་མ་ལག་ཕྱོགས་ཡོངས་ནས་བཙུགས་ཡོད་ཚུལ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ། གྲོང་ཁྱེར། རྫོང་། ཆུས། ཤང་། གྲོང་རྡལ་དང་། དེ་བཞིན་གྲོང་ཚོ་སྡེ་ཁུལ་བཅས་རིམ་པ་ལྔའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་གནས་༡༣༠༠༠ ལྷག་ཙམ་བཏོད་པར་བརྗོད་པ་དང་། མི་མེད་ལུང་སྟོང་ཁུལ་གྱི་ཆུ་བོར་དམིགས་ནས་ཁོར་ཡུག་ཁུལ་གྱི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་ཡོད་ཅེས་བརྗོད་ཡོད་པ་རེད། དེ་བཞིན་“མངའ་རིས་ས་ཁུལ་གྱིས་ད་དུང་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གྲོང་མི་ཚོགས་ཆུང་དང་། རང་བྱུང་གྲོང་ཚོ། མཐའ་མཚམས་གཞིས་ཆགས་ཁུལ་བཅས་ལ་སྣུར་སྲིང་བྱས་ཏེ། ཆུ་བོ་དང་མཚོ་ཚང་མར་འགན་འཁུར་བ་ཡོད་པའི་འགན་ལེན་བྱས་ཡོད”་ཅེས་དང་།  “ཆུ་དཔོན་དང་མཚོ་དཔོན་གྱིས་ད་དུང་སློབ་གསོ་དྲིལ་བསྒྲགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གྲོང་ཚོ་དང་སློབ་གྲྭར་བསྐྱོད་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་རེད་བཅས་བརྗོད་འདུག”

གཞན་ཡང་“༢༠༡༩ ལོར་བོད་ཀྱིས་ཆུ་འགོའི་ཁོར་ཡུག་གི་གནད་དོན་མུ་མཐུད་བཅོས་སྒྲིག་བྱས་ནས་མུ་མཐུད་ཆུ་མོ་དྭངས་ཤིང་དགུང་སྔོན་སྲུང་སྐྱོང་གི་དམག་འཐབ་རྒྱག་རྒྱུ་ཡིན་”ཟེར། རྒྱ་གཞུང་གིས་དྭངས་གཙང་གི་བོད་ཀྱི་རི་ཆུ་རླུང་གསུམ་ད་བར་ལོངས་སུ་སྤྱད་ཡོད་པ་བཞིན་ད་ཆར་ཡང་མི་མེད་ལུང་སྟོང་དུ་ལྷག་པའི་བོད་ཀྱི་མཚོ་དང་མཚེའུ་སོགས་ཆུ་ཆེ་ཕྲ་ཆུང་གསུམ་ཀུན་སྲུང་སྐྱོང་གི་མིང་བཏགས་ཏེ་བདག་བཟུང་དོ་དམ་བྱེད་བཞིན་ཡོད་པ་ནི། བརྡུང་རྒྱུ་རྔ་ཡིན་ཡང་དམིགས་རྒྱུ་འདྲེ་ཡིན་པ་ཤེས་གསལ་ཡིན་པ་རེད།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༣༩༥ ཀློག་གྲངས།