འཛམ་གླིང་ནང་ཐེར་འབུམ་བདག་པོ་༢༢༠༨ ཡོད་འདུག

འཛམ་གླིང་ནང་གི་ཐེར་འབུམ་བདག་པོ་རྣམས་ཀྱི་རྒྱུ་ནོར་ཉིན་རེ་བཞིན་འཕར་བཞིན་ཡོད་ཀྱང་། མི་མང་དབུལ་ཤོས་རྣམས་ཀྱི་རྒྱུ་ནོར་ཉུང་དུ་འགྲོ་བཞིན་ཡོད་པ་དང་། དབུལ་ཕྱུག་བར་གྱི་ཧེ་བག་ཀྱང་ཆེ་རུ་འགྲོ་བཞིན་ཡོད་འདུག

ཟླ་༡ པོའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་ནང་དབུལ་ཕོངས་ཉུང་དུ་གཏོང་ཐབས་བྱེད་མཁན་ཚོགས་པ་ཨོག་སེ་ཧྥེམ་གྱིས་བཏོན་པའི་སྙན་ཐོ་ལ་གཞིགས་ན། ད་ལྟའི་ཆར་འཛམ་གླིང་ནང་ཐེར་འབུམ་བདག་པོ་༢༢༠༨ ཡོད་འདུག་པ་དང་། གྲངས་ཚད་དེ་ནི་ད་བར་མང་ཤོས་དེ་ཡིན་འདུག དེ་བཞིན་ལོ་སྔོན་མར་འཛམ་གླིང་ནང་གི་མི་ཕྱུག་ཤོས་༢༦ གི་རྒྱུ་ནོར་ཁྱོན་བསྡོམས་ཨ་སྒོར་ཁྲག་ཁྲིག་༡.༤ ཡི་ཚད་གཞིར་སླེབས་འདུག་པས། དེ་ནི་འཛམ་གླིང་ནང་གི་མི་དབུལ་ཤོས་ཐེར་འབུམ་༣.༨ ཀྱི་ཁྱོན་བསྡོམས་རྒྱུ་ནོར་དང་གཅིག་མཚུངས་ཡིན་འདུག

དེ་བཞིན་ཐེར་འབུམ་བདག་པོ་རྣམས་ཀྱི་རྒྱུ་ནོར་ཉིན་རེར་མང་དུ་འགྲོ་བཞིན་ཡོད་ཀྱང་། མི་མང་དབུལ་ཤོས་རྣམས་ཀྱི་རྒྱུ་ནོར་ཉུང་དུ་འགྲོ་བཞིན་ཡོད་འདུག

ཨོག་སེ་ཧྥེམ་ཚོགས་པས་དབུལ་ཕྱུག་བར་གྱི་ཧེ་བག་ཆུང་དུ་གཏོང་ཆེད། རྒྱལ་ཁབ་ཁག་གིས་ཕྱུག་དབག་ཁག་གི་རྒྱུ་ནོར་ལ་གཞིགས་པའི་དཔྱ་ཁྲལ་ལེན་པ། དེ་བཞིན་སྒེར་གྱི་ཡོང་འབབ་ཐོག་གི་དཔྱ་ཁྲལ་ཚད་གཞི་སྤར་བ། ཚོང་ལས་སྡེ་ཚན་ཁག་གི་དཔྱ་ཁྲལ་ཚད་གཞི་སྤར་བ། ཕྱུག་བདག་དང་ཚོང་ལས་ཁང་ཚོར་དཔྱ་ཁྲལ་ཆག་ཡང་མི་གཏོང་བ་བྱེད་རྒྱུ་གལ་ཆེན་ཡིན་པ་དང་། དེ་བཞིན་སྨན་བཅོས་ལྟ་སྐྱོང་དང་ཤེས་ཡོན་སོགས་རིན་མེད་སྤྲད་དགོས་ཁར། གཞུང་གིས་གློག་དང་ཆུ། བྱིས་པའི་ལྟ་སྐྱོང་ལས་འཆར་སོགས་ལ་འགྲོ་སོང་བཏང་ནས། བུད་མེད་རྣམས་ལ་ཁེ་ཕན་ཐོབ་པ་བཟོ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ལོ་ལྟར་སུད་སིའི་གྲོང་སྡེ་ཌ་ཝོ་སེ་ལ་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་མ་འཚོགས་པའི་སྔོན་དུ། ཨོག་སེ་ཧྥེམ་ཚོགས་པས་སྙན་ཐོ་བཏོན་གྱི་ཡོད་ཁར། ལྷན་ཚོགས་དེར་འཛམ་གླིང་ནང་གི་མི་ཕྱུག་ཤོས་གྲས་དང་དབང་ཤུགས་ཆེ་ཤོས་གྲས་རྣམས་འཛོམས་གྱི་ཡོད་པ་རེད་འདུག

འཛམ་གླིང་ནང་གི་མི་ཕྱུག་ཤོས་མང་ཆེ་བ་ཨ་རི་བ་ཡིན་པ་ལྟར། ཨ་རིའི་ཨེ་མན་ཛོན་དྲ་ཐོག་ཚོང་ལས་ཁང་གི་བདག་པོ་ཇེཧྥ་བྷེ་ཛོ་ནི་འཛམ་གླིང་ནང་མི་ཕྱུག་ཤོས་ཨ་དང་པོ་དེ་ཡིན་པ་དང་། ཁོང་གི་རྒྱུ་ནོར་གྱི་བརྒྱ་ཆ་གཅིག་ནི་མི་མང་ས་ཡ་༡༠༥ ཡོད་པའི་ཨི་ཐོ་པི་ཡ་རྒྱལ་ཁབ་ཀྱི་སྨན་བཅོས་ལྟ་སྐྱོང་གི་སྔོན་རྩིས་འཆར་དངུལ་དང་གཅིག་མཚུངས་ཆགས་ཀྱི་ཡོད་འདུག

ཚོགས་པ་དེའི་འཛམ་གླིང་ནང་གི་རྒྱལ་ཁབ་༡༥༧ གྱི་གཞུང་གིས་སོ་སོའི་རྒྱལ་ཁབ་ནང་དབུལ་ཕྱུག་བར་གྱི་ཧེ་བག་དེ་ཉུང་དུ་གཏོང་བར་འབད་བརྩོན་དང་ལྷག་བསམ་ཡོད་མེད་ཀྱི་གྲངས་ཐོ་ཞིག་བཏོན་འདུག་པ་དང་། དེའི་ནང་རྒྱ་གར་ནི་མཇུག་ནས་རྩིས་པའི་ཨང་༡༥ ཡིན་པ་དང་རྒྱ་ནག་ནི་ཨང་༨༡ ཡིན་འདུག གྲངས་ཐོ་དེའི་ནང་རྒྱལ་ཁབ་ཀྱི་དབུལ་ཕྱུག་ཧེ་བག་ཉུང་དུ་གཏོང་ཐབས་བྱེད་མཁན་ཁོངས་ནས་འབད་བརྩོན་ཡག་ཤོས་བྱེད་མཁན་༡༠ ནི་ཌན་མག་དང་འཇར་མན། ཧྥེན་ལན་ཌ། ཨོ་སི་ཀྲི་རི་ཡ། ནོར་ཝེ། བྷེལ་ཇེམ། སེ་ཝི་ཌན། ཧྥ་རན་སི། ཨ་སི་ལན་ཌ། ལུ་སིམ་བྷོག་བཅས་བང་རིམ་བཞིན་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༩༠༥ ཀློག་གྲངས།