རྒྱ་གར་ཇག་རྐུན་གྱིས་གྲྭ་པ་ཞིག་ལ་འཕྲོག་བཅོམ་བྱས་འདུག

ཕྱི་ལོ་༢༠༡༩ ཟླ་༡ ཚེས་༡༩ རེས་གཟའ་སྤེན་པའི་མཚན་མོར་མོན་གྷོ་ཊི་གཞིས་གྲོང་དང་པོར་རྟེན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་གུང་རུ་ཁང་ཚན་གྱི་དགེ་འདུན་པ་བྱང་ཆུབ་རིན་ཆེན་གྱི་ཤག་ཏུ་གྲི་ཐོགས་པའི་རྒྱ་གར་བཞི་འཛུལ་ཏེ་རྒྱག་རྡུང་དང་འཕྲོག་བཅོམ་བྱས་ཡོད་འདུག་པ་དང་། ཁོང་ཁང་ཚན་གྱི་ཨར་པོ་རྒྱག་མཁན་གྱི་མགོ་ལྟ་མཁན་ཡིན་འདུག

དགེ་འདུན་པ་བྱང་ཆུབ་རིན་ཆེན་གྱིས་རྒྱ་གར་བང་ཆེན་གསར་འགོད་པར་བརྗོད་པ་ལྟར་ན་སྐབས་དེར་ཧིན་སྒོར་འབུམ་༧ ཙམ་ཕྲོགས་ཡོད་པ་དང་། རིན་འབབ་འབུམ་བཞི་ལ་ཉེ་བའི་གསེར་གྱི་སྐེ་ཐག་དང་ལག་ཐག གཞན་ཡང་ཁ་པར་གསུམ་བཅས་ཕྲོགས་སོང་ཞེས་བརྗོད་འདུག ཇག་རྐུན་དེ་དག་གིས་དགེ་འདུན་པ་བྱང་ཆུབ་རིན་ཆེན་ལ་རྒྱག་རྡུང་དང་འཕྲོག་བཅོམ་བྱས་རྗེས་དེའི་ཉེ་བར་ཡོད་པའི་ལྟ་སྲུང་བརྙན་མིག་བཅག་སྟེ་བརྙན་གསོག་ཆས་ཀྱི་སྒམ་ཁྱེར་སོང་ཡོད་པས། རྒྱ་གར་དེ་དག་ད་ལྟ་འཇུ་བཟུང་ཐུབ་མེད་འདུག ཁོང་ལ་རྨས་སྐྱོན་བཟོས་ཡོད་འདུག་ཀྱང་ད་ལྟ་སྨན་བཅོས་བྱས་ཏེ་སྨན་ཁང་ནས་ཕྱིར་ཐོན་ཡོད་འདུག

དེ་བཞིན་ཉེ་ཆར་དགེ་འདུན་པ་ཞིག་ལ་མོན་གྷོ་རུ་རྟེན་གཞི་བྱས་པའི་རྭ་སྟོད་གྲྭ་ཚང་འོག་ཏུ་རྒྱ་གར་གྱི་སྐྱེས་པ་དྲུག་བདུན་ཞིག་གིས་གྲི་དང་མཚོན་ཆ་འདྲ་མིན་གྱིས་སྡིགས་ར་བསྐུལ་ཏེ་སྒོར་མོ་དང་ཁ་པར་ཕྲོགས་སྐད་འདུག་ལ། གཞན་ཡང་ལམ་དེའི་བརྒྱུད་ནས་བཀའ་བརྒྱུད་དགོན་པའི་དགེ་འདུན་པ་ཞིག་ལས་སྒོར་མོ་ཁྲི་གཅིག་ལྷག་དང་ཁ་པར་ཕྲོགས་ཡོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༧༩༤ ཀློག་གྲངས།