ཨ་རིའི་དྲ་ཐོག་འཚོལ་ཞིབ་མ་ལག་གཅིག་རྒྱ་ནག་ནང་བཀག་སྡོམ་བྱས་ཡོད་འདུག

རྒྱ་ནག་ནང་རྒྱལ་སྤྱིའི་འཚོལ་ཞིབ་མ་ལག་ཆེ་ཤོས་གྷུ་གྷལ་ད་ལྟའི་ཆར་བཀག་སྡོམ་བྱས་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་རྩིས་འཕྲུལ་གློག་ཀླད་ཀྱི་བཀོལ་སྤྱོད་མཉེན་ཆས་ཀྱི་ཚོང་ལས་ཆེ་ཤོས་ཀྱི་དྲ་ཐོག་འཚོལ་ཞིབ་མ་ལག་བཀག་སྡོམ་བྱས་ཡོད་འདུག་པ་དང་། ཚོང་ལས་ཁང་དེས་རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྲིད་བྱུས་ལྟར་ལས་དོན་བྱེད་ཀྱི་ཡོད་པས། བཀག་སྡོམ་བྱེད་དགོས་དོན་གསལ་པོ་ཆགས་མེད་འདུག

ཟླ་༡ པོའི་ཚེས་༢༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༣ ཉིན་རྒྱ་ནག་ནང་གི་དྲ་རྒྱ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱིས། འཛམ་གླིང་ནང་རྩིས་འཕྲུལ་གློག་ཀླད་ཀྱི་བཀོལ་སྤྱོད་མཉེན་ཆས་ཚོང་ལས་ཁང་ཆེ་ཤོས་(Microsoft) ཡིས་བཟོས་པའི་དྲ་ཐོག་འཚོལ་ཞིབ་མ་ལག་བྷིང་(Bing) བེད་སྤྱོད་བྱེད་ཐུབ་ཀྱི་མེད་པ་ཤེས་ནས། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་དེའི་སྐོར་ཁྱབ་ཆེན་སྤེལ་ཡོད་འདུག ཚེས་༢༤ ཉིན་ཨ་རིར་རྟེན་གཞི་བྱས་པའི་ཚོང་ལས་ཁང་དེའི་དབུས་ལས་ཁུངས་ཀྱི་མགྲིན་ཚབ་པས། མཉེན་ཆས་དེ་རྒྱ་ནག་ལ་བཀག་སྡོམ་བྱས་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། གནད་དོན་དེ་སེལ་ཐབས་སུ་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་བསྒྲགས་འདུག

ཚོང་ལས་ཁང་དེ་ནི་འཛམ་གླིང་གི་ཁྲོམས་རའི་ནང་ཚོང་ལས་ཁང་རིན་ཐང་ཆེ་ཤོས་དེ་ཡིན་པ་དང་། དེ་སྔོན་ཕྱི་ལོ་༢༠༡༧ ལོའི་ཟླ་༡༡ པའི་ནང་། ཚོང་ལས་ཁང་དེའི་དྲ་ཐོག་བརྙན་མཐོང་ཁ་པར་གྱི་མཉེན་ཆས་སཱེ་ཀབ་(Skype) དེ། རྒྱ་ནག་ནང་གི་ཀུ་ཤུ་ཁ་པར་དང་ཨན་ཌོ་ཁ་པར་རྣམས་ཀྱི་མཉེན་ཆས་ཁང་ནས་ཕྱིར་འཐེན་བྱས་ཡོད་པ་རེད་དེ། རྒྱ་ནག་ནང་གི་དྲ་ཐོག་འཚོལ་ཞིབ་མ་ལག་ཁོངས་སུ། ཚོང་ལས་ཁང་དེས་རྒྱ་ནག་གི་དྲ་ཐོག་ཞིབ་བཤེར་སྟངས་འཛིན་གྱི་སྲིད་བྱུས་ལ་ཁས་ལེན་གྱིས། རྒྱ་ནག་གཞུང་གིས་ཚོར་བ་རྣོན་པོ་འཛིན་བཞིན་པའི་གནད་དོན་རྣམས་དྲ་ཐོག་ནས་ཞིབ་བཤེར་བྱས་ཏེ་ལས་དོན་སྤེལ་བཞིན་ཡོད་པ་རེད་འདུག ཐེངས་འདིར་འཚོལ་ཞིབ་མ་ལག་དེ་བཀག་འགོག་བྱེད་པའི་རྒྱུ་མཚན་ཐོག རྒྱ་ནག་གི་དྲ་ཐོག་སྟངས་འཛིན་ལས་ཁུངས་ཀྱིས་ལན་འདེབས་བྱས་མི་འདུག

རྒྱ་ནག་ནང་རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་དང་དྲ་ཐོག་འཚོལ་ཞིབ་མ་ལག་ཆེ་ཤོས་ངོ་དེབ་དང་གྷུ་གྷལ་སོགས་བཀག་སྡོམ་འོག་གནས་ཡོད་པ་དང་། རྒྱ་ནག་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་མི་མང་ས་ཡ་མང་པོ་ཡོད་རྐྱེན། ཁྲོམས་ར་དེའི་ནང་ཚོང་ལས་གཉེར་ཆེད་དུ། གྷུ་གྷལ་གྱིས་རྒྱ་ནག་གཞུང་གི་སྲིད་བྱུས་དང་མཐུན་པའི་འཚོལ་ཞིབ་མ་ལག་གཅིག་བཟོ་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་ཐོན་ནས། རྒྱལ་སྤྱིའི་ནང་ངོ་རྒོལ་དང་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་པས། གྷུ་གྷལ་གྱི་སྤྱི་ཁྱབ་འགན་འཛིན་གྱིས་ད་ལྟའི་ཆར་མཉེན་ཆས་དེ་རྒྱ་ནག་གི་ཁྲོམས་རའི་ནང་འགྲེམས་སྤེལ་བྱེད་འཆར་མེད་སྐོར་བརྗོད་ཡོད་པ་རེད།

ད་ལྟའི་ཆར་རྒྱ་ནག་ནང་དྲ་ཐོག་འཚོལ་ཞིབ་ཁྲོམས་རའི་ནང་། འཚོལ་ཞིབ་མ་ལག་ཁྱབ་ཆེ་ཤོས་ནི་རྒྱ་ནག་གི་ཚོང་ལས་ཁང་གི་བྷེ་རྡུ་ཞེས་པ་དེས་ཁྲོམས་རའི་བརྒྱ་ཆ་༧༠ འཛིན་ཐུབ་ཀྱི་ཡོད་འདུག་པ་དང་། ཨ་རིའི་བྷེང་གིས་ཁྲོམས་རའི་བརྒྱ་ཆ་༢ ཙམ་ལས་འཛིན་ཐུབ་ཀྱི་མེད་པ་རེད་འདུག

ཕྱི་ལོ་༢༠༡༨ ལོའི་ཟླ་༡༡ པའི་ནང ལོ་བརྒྱད་རིང་བསྟུད་མར་རྒྱལ་སྤྱིའི་ནང་དྲ་རྒྱའི་རང་དབང་ཉམས་རྒུད་འགྲོ་བཞིན་པ་དང་བསྟུན། རྒྱ་ནག་གིས་ཨུ་རུ་སུ་དང་ཨ་ཧྥི་ར་ཀའི་རྒྱལ་ཁབ་ཁག་ཅིག་དང་དཀྱིལ་ཤར་ཡུལ་གྲུ་ཁག་ཅིག་སོགས་ཁྱོན་རྒྱལ་ཁ་༥༧ ལ། ལོ་མང་རིང་ཡར་རྒྱས་དང་བཀོལ་སྤྱོད་བྱེད་བཞིན་པའི་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་གྱི་མ་ལག་ཕྱི་འདྲེན་བྱས་པའམ། ལས་དོན་དེའི་ཐོག་སྦྱོང་བརྡར་སྤྲད་ཡོད་པ་དེ་ནི་ཛ་དྲག་གི་གནས་སྟངས་ཤིག་ཡིན་པ་དང་། དེ་བཞིན་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་ཐོག་གི་ཆེད་ལས་པ་མང་པོས་ཚོད་དཔག་བྱས་པ་ལས་བརྒལ་ཏེ། ད་ལྟའི་ཆར་རྒྱ་ནག་གི་དྲ་ཐོག་སྟངས་འཛིན་དང་ཞིབ་བཤེར་གྱི་ལས་དོན་ཐད། རྒྱལ་སྤྱིའི་ནང་གྲུབ་འབྲས་ཆེ་ཤོས་ཐོན་མཁན་གྲས་ཡིན་པ་དང་། དྲ་ཐོག་ཟིན་བྲིས་དང་སྤྱི་ཚོགས་དྲ་ལམ། དེ་བཞིན་ཨ་རིའི་འཚོལ་ཞིབ་མ་ལག་ཁག་སོགས་ལ་ཞིབ་བཤེར་སྟངས་འཛིན་ནན་པོ་བྱེད་ཐུབ་ཀྱི་ཡོད་ཁར། ཞིབ་བཤེར་སྟངས་འཛིན་གྱི་མ་ལག་ལས་བརྒལ་ནས་འཚོལ་ཞིབ་བྱེད་ཆེད་ཀྱི་མ་ལག་(VPN) དེ་འགོག་ཐབས་བྱེད་བཞིན་ཡོད་སྐོར་ཞིབ་འཇུག་སྙན་ཐོ་ཞིག་ཐོན་ཡོད་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༢༠༣༩ ཀློག་གྲངས།