བྱིས་པའི་ཚན་རིག་སྒྲུང་དེབ་༢༥ དབུ་འབྱེད་གནང་སོང་།

ཟླ་འདིའི་ཚེས་༢༤ ཉིན་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས། བྱིས་པའི་ཚན་རིག་སྒྲུང་དེབ་བོད་བསྒྱུར་བྱས་པ་༢༥ དབུ་འབྱེད་ཀྱི་མཛད་སྒོ་ཞིག་རྡ་ས་མེག་གྷན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གི་ཚོགས་ཁང་དུ་འཚོགས་སོང་། མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་དང་། བོད་ཀྱི་ཐེབས་རྩའི་ལས་འཆར་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར། དེ་བཞིན་བོད་ཁྱིམ་དང་ཤེས་རིག་ལས་ཁུངས། སམ་བྷོ་ཊ་བཅས་ཀྱི་ཤེས་ཡོན་འགན་འཛིན་སོགས་གནད་ཡོད་མི་སྣ་ཁག་ཅིག་ཕེབས་འདུག

དེ་ཡང་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་རྒྱལ་སྤྱིའི་ནང་སྐད་རིགས་འདྲ་མིན་ཐོག་བྱིས་སྒྲུང་པར་སྐྲུན་བྱེད་མཁན་པར་སྐྲུན་ཁང་གྲགས་ཅན་Pratham དང་མཉམ་འབྲེལ་ཐོག པར་སྐྲུན་ཁང་དེས་པར་སྐྲུན་བྱས་པའི་བྱིས་པའི་ཚན་རིག་སྒྲུང་དེབ་༢༥ ཞིག བོད་བསྒྱུར་བྱས་པ་དང་། བོད་ཀྱི་ཐེབས་རྩ་ཁང་ནས་འགྲོ་སོང་བཏང་ཏེ། པར་སྐྲུན་བྱས་ཡོད་པ་རེད།

ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གྱིས་དེབ་དེ་དག་དབུ་འབྱེད་གནང་རྗེས། བྱིས་སྒྲུང་ཐོག་ནས་སློབ་ཁྲིད་བྱེད་པའི་ཐབས་ལམ་དེ་ནི་ཐབས་ལམ་ཡག་ཤོས་ཡིན་པ་དང་། དེས་སྐད་ཡིག་ཡར་རྒྱས་འགྲོ་བར་ཕན་ཐོགས་པ་མ་ཟད། བྱིས་པ་རྣམས་ལ་ཉིན་རེའི་བྱེད་སྒོ་ཁག་དང་སློབ་ཚན་རྣམས་སློབ་ཁྲིད་བྱེད་ཐུབ་པ། དེ་བཞིན་སྒྲུང་བརྒྱུད་ན་ཡ་རབས་བཟང་སྤྱོད་སོགས་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད་སྐོར་གསུངས་ནས། ཕྱི་རྒྱལ་ཁག་ཏུ་ཕ་མ་སོགས་ཀྱིས་བྱིས་པ་རྣམས་གཉིད་མ་ཁུག་པའི་སྔོན་དུ། བྱིས་སྒྲུང་ཀློག་པའི་གོམས་གཤིས་ཤིག་ཡོད་པས། དེས་བྱིས་པ་རྣམས་ལ་ངལ་གསོ་སྤྲད་ཀྱི་ཡོད་ཁར། རིག་པ་གསར་པ་དང་འཆར་སྣང་གསར་པ། ཕ་མ་དང་མཉམ་དུ་ཡོད་པའི་བདེ་འཇགས་ཚོར་བ་སྤྲད་ཐུབ་པ་སོགས་བྱིས་པའི་འཚར་ལོངས་ལ་ཕན་ཐོགས་ཡོད་པའི་གོམས་གཤིས་དེ་ཡག་པོ་ཞིག་ཡིན་པ། དེ་བཞིན་བཙན་བྱོལ་ནང་བྱིས་སྒྲུང་བརྒྱུད་བྱིས་པ་རྣམས་ལ་ཆུང་དུས་ནས། བོད་པའི་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སོགས་ཀྱི་བག་ཆགས་འཇག་ཐུབ་པ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

བོད་ཀྱི་ཐེབས་རྩའི་ལས་འཆར་འགན་འཛིན་གཞོན་པ་ཤེས་རབ་འོད་ཟེར་གྱིས། བྱིས་སྒྲུང་དེ་དག་ཀློག་རྒྱུའི་གོ་སྐབས་བྱུང་བས། དེ་དག་ལས་ལེགས་ཆ་བླངས་རྒྱུ་མང་པོ་ཡོད་ཁར་གནས་ཚད་ཀྱང་ཡག་པོ་ཡོད་སྐོར་དང་། བོད་ཀྱི་ཐེབས་རྩ་ངོས་ནས་སྤྱི་ཚོགས་ཞབས་ཞུའི་ལས་དོན་རྣམས་ལ་རྒྱབ་སྐྱོར་བྱེད་མུས་ཡིན་པས། ལྷག་བསམ་ཅན་གྱི་ལས་དོན་རྣམས་ལ་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུ་ཡིན་སྐོར་གསུངས་སོང་།

ཐེངས་འདིར་འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་གིས་བྱིས་པའི་ཚན་རིག་སྒྲུང་དེབ་༢༥ པར་སྐྲུན་བྱེད་པའི་དམིགས་ཡུལ་ནི། བྱིས་པའི་ཁམས་དང་མོས་པ། གནས་ཚད་སོགས་ལ་མཐུན་པའི་བྱིས་སྒྲུང་མང་དུ་བཏང་ནས། བྱིས་པའི་ཀློག་རྩལ་དང་བསམ་བློའི་གནས་ཚད་ཡར་རྒྱས་ལ་རམས་འདེགས་ཡོང་ཐབས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཚོས་ཚན་རིག་དང་ཨང་རྩིས་གཉིས་སློབ་ཚན་ཁག་པོ་རྩིས་བཞིན་ཡོད་པས། སྒྲུང་དང་སྦྲགས་ནས་སློབ་ཚན་དེ་རིགས་སློབ་ཁྲིད་བྱེད་རྒྱུ་ཡོད་ཁར། དགེ་རྒན་རྣམས་ལ་ཡང་སྒྲུང་ཐོག་ནས་སློབ་ཁྲིད་བྱེད་པའི་མཐུན་རྐྱེན་སྦྱོར་ཐབས་ཡིན་འདུག

འཇམ་དབྱངས་ཤེས་ཡོན་ཞབས་ཞུ་ཁང་ནི་ཕྱི་ལོ་༢༠༡༥ ལོར་འགོ་འཛུགས་ཀྱིས། ད་བར་བྱིས་སྒྲུང་མང་པོ་པར་སྐྲུན་གྱིས། རྒྱ་བལ་འབྲུག་གསུམ་ནང་གི་བོད་པའི་སློབ་གྲྭ་༧༠ ལས་མང་བར་བྱིས་སྒྲུང་མང་པོ་ཞིག་རིན་མེད་འགྲེམས་སྤེལ་བྱས་ཡོད་ཁར། བྱིས་གསོ་ཁང་གི་ལས་བྱེད་དང་ཕ་མ་སོགས་བྱིས་པ་གསོ་སྐྱོང་ཐོག་ཟབ་སྦྱོང་སྤྲད་ཀྱི་ཡོད་པ་རེད། དེ་བཞིན་རྡ་སར་བྱིས་པའི་དཔེ་མཛོད་གསར་པ་ཞིག་སྒོ་འབྱེད་ཀྱི་ལས་འཆར་ད་ལྟའི་ཆར་འགྲོ་བཞིན་ཡོད་པ་རེད། ཐེངས་འདིར་བྱིས་པའི་ཚན་རིག་སྒྲུང་དེབ་༢༥ ལས་དེབ་རེ་ལ་པར་གྲངས་༡༠༠༠ རེ་པར་སྐྲུན་གྱིས་དེབ་གྲངས་༢༥༠༠༠པར་སྐྲུན་བྱས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༦༧༩ ཀློག་གྲངས།