༸གོང་ས་མཆོག་ལ་བརྟན་བཞུགས་འབུལ་གཏན་འཁེལ་བ།

ཟླ་འདིའི་ཚེས་༢༢ ནས་ཉིན་གསུམ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་ལྡི་ལིའི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་འཚོགས་པ་དང་། ཚོགས་ཐོག་འདིར་མདོ་སྟོད་ཀྱི་སྤྱི་འཐུས་རྣམ་པ་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་རྣམ་པ། དབུས་རྒྱུན་ཟུར་རྣམ་པ། སྐབས་༢༡ པའི་ཆུ་སྒང་རྩིས་ཞིབ་ཚོགས་ཆུང་། ས་གནས་ཁག་གི་ཚོགས་གཙོ་དང་དྲུང་ཆེ་སོགས་མཉམ་ཞུགས་བྱས་ཡོད་པ་རེད།

ཆུ་སྒང་དབུས་རྒྱུན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ད་ཐེངས་ཚོགས་འདུ་དེའི་ཐོག་ལ་འདས་པའི་ལོ་ངོ་གཅིག་དང་ཕྱེད་ཀའི་རིང་གི་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་ཞིབ་བཤེར། མ་འོངས་ལོ་གཅིག་དང་ཕྱེད་ཀའི་རིང་གི་ལས་དོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར། ལོ་འདིར་མཐོ་སློབ་འགྲིམ་མཁན་གྱི་སློབ་མ་ཁག་ལ་སློབ་ཡོན་རྒྱན་ཐོབ་གསལ་བསྒྲགས། ཆུ་སྒང་དྭངས་དམག་ཟུར་པ་གང་ན་སུ་ཞིག་བཞུགས་པ་རྣམས་ལ་འཚོ་སྣོན་རྒྱན་ཐོབ་བཅས་ཕུལ་ཡོད་པ་རེད།

ཐེངས་འདིའི་ལྷན་ཚོགས་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ས་གཉིས་མཉམ་འབྲེལ་གྱི་ཐོག་ནས་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་བརྟན་བཞུགས་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་འབུལ་རྒྱུ་གཏན་འཁེལ་ཞིང་། བརྟན་བཞུགས་གོ་སྒྲིག་ཚོགས་པའི་སློབ་སྟོན་པ་བཀའ་ཟུར་ཚེ་རིང་ཕུན་ཚོགས་དང་། བཀའ་ཟུར་པདྨ་ཆོས་འབྱོར་རྣམ་པ་གཉིས། བརྟན་བཞུགས་གོ་སྒྲིག་ཚོགས་པའི་ཚོགས་མི་མདོ་སྟོད་སྤྱི་འཐུས་བཅུ་དང་། ཆོས་བརྒྱུད་སྤྱི་འཐུས་བཅུ། ཆུ་སྒང་དབུས་རྒྱུན་བཅུ་གཅིག་བཅས་གཏན་ཁེལ་གནང་ཡོད་པ་རེད། གཞན་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་༢༢ པའི་རྒྱལ་ཡོངས་འོས་བསྡུ་ཚོགས་ཆུང་སྐབས་༧ པའི་མི་འགྲོ་བསྐོ་བཞག་དང་། ཆུ་སྒང་ཟ་མགྲོན་ཚོང་གསུམ་བོགས་མ་གཏོང་ཕྱོགས་ཀྱི་ཁང་ཆེན་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་བྱས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༡༧༨༢ ཀློག་གྲངས།