པཎ་ཆེན་སྣང་བ་མཐའ་ཡས་རྗེས་དྲན་དུ་བྲིས་པ།

ང་ལ་མཚོན་ན་ངས་པཎ་ཆེན་སྣང་བ་མཐའ་ཡས་དངོས་སུ་མཇལ་མ་མྱོང་ཡང་། ངའི་ཨ་ཕས་རིན་པོ་ཆེ་ཁོང་དངོས་སུ་མཇལ་ནས་ཕྱག་དབང་ཐོབ་མྱོང་པ་རེད། བོད་དད་ལྡན་པ་ཞིག་གི་ངོས་ནས་བཤད་ན་འདི་རིན་ཐང་དང་གཟི་བརྗིད་ལ་བརྩི། ང་ལོ་དྲུག་ཡིན་པའི་སྐབས་ཏེ་༡༩༨༦ ལོར་པཎ་ཆེན་རིན་པོ་ཆེ་ཁམས་དར་རྩེ་མདོ་བརྒྱུད་ནས་རྟའུ་དང་དཀར་མཛེས་སོགས་ཁམས་ཁུལ་ལ་ཆིབས་བསྒྱུར་གནང་སྐབས་ལམ་བར་ནས་ང་ཚོའི་སྡེ་བར་(རྟའུ་རྫོང་ལུང་བསྟན་ཡུལ་ཚོ་ནགས་ཕྲན་གེ་སྐས་ཐང་)ཕེབས་ནས་གནས་གཟིགས་གནང་བ་དང་མང་ཚོགས་ལ་ཕྱག་དབང་དང་བཀའ་སློབ་གནང་བ་རེད། སྐབས་དེར་ང་ཚོའི་རི་དབྱར་སར་ཡོད། སྡེ་པའི་རི་ཁག་སོ་སོར་ཆ་སླེབས་ནས་སྐྱེས་པ་རྣམས་པཎ་ཆེན་རིན་པོ་ཆེའི་ཆིབས་བསུར་འགྲོ་དགོས་པ་དང་། མཇལ་བ་རྣམས་ཀྱང་དུས་ཚོད་ཏག་ཏག་ས་གནས་སུ་འབྱོར་དགོས་པར་བཤད་དེ་མི་ཧ་ཅང་མང་པོ་ཞིག་རིན་པོ་བསུ་མ་དང་མཇལ་དུ་ཕྱིན་པ་ངས་གསལ་པོ་དྲན་གྱི་འདུག ང་ཚོའི་སྡེ་པའི་མི་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེའི་ཕྱག་འོག་ལ་སླེབས་པ་ཙམ་གྱིས་ནུབ་བདེ་བ་ཅན་ལ་འདྲེན་གྱི་ཡོད་པའི་ཡིད་ཆེས་དང་དད་པ་བྱེད་ཀྱི་རེད། སྐབས་དེར་ངས་པཎ་ཆེན་པོ་ཆེ་དངོས་སུ་མཇལ་མ་ཐུབ་པ་ནི་ང་བསོད་ནམས་དམན་སོང་བས་ལོས་ཡིན་སྙམ།

བོད་ཀྱི་དམངས་ཁྲོད་ན་གནམ་ལ་ཉི་ཟླ་གཉིས་དང་ས་ལ་རྒྱལ་པཎ་གཉིས་ཟེར་བའི་གཏམ་དཔེ་ཡོད་པ་འདིས་པཎ་ཆེན་རིན་པོ་ཆེར་བོད་མང་ཚོགས་ཀྱི་སེམས་ངོར་རིན་ཐང་ཇི་ཙམ་ཡོད་པ་གསལ་པོ་བསྟན་ཡོད། ལོ་རྒྱུས་ཀྱི་ཁྲོད་ནས་ཆབ་སྲིད་དང་འབྲེལ་བའི་གནས་སྐབས་ལ་ལར་རྒྱལ་པཎ་གཉིས་ཀྱི་བར་མི་མཐུན་པའི་གནས་ཚུལ་བཤད་རྒྱུ་ཡོད་པ་དང་། ལྷག་པར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་ངོས་འཛིན་སྐབས་སུ་གོ་མིན་ཏང་གི་དབང་ཤུགས་འོག་ལབ་རྒྱུ་གླེང་རྒྱུ་མང་པོ་བྱུང་བ་དང་། རྒྱ་དམར་སྲིད་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྗེས་༸གོང་ས་མཆོག་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་དང་། པཎ་ཆེན་རིན་པོ་ཆེས་རང་སྐྱོང་ལྗོངས་གྲ་སྒྲི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གི་འགན་བཞེས་ཏེ་པེ་ཅིང་དུ་ཕེབས་པ་སོགས་ཀྱི་དབང་གིས་ཐོག་མར་པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་ལ་བོད་མིས་དོགས་པ་དང་ཐེ་ཚོམ་གྱི་བཤད་ཡམས་མང་པོ་བྱུང་ན་ཡང་། བོད་ལ་རྒྱ་དམར་སྲིད་གཞུང་གིས་དམངས་གཙོ་བཅོས་བསྒྱུར་དང་རིག་གནས་གསར་བརྗེ་ཟེར་བའི་བྱ་འགུལ་རིམ་པར་སྤེལ་དེ་དམྱལ་བ་མི་ཡུལ་སླེབས་པ་ཅེས་པའི་དུས་ཚོད་ཅིག་ཤར་བའི་སྐབས་སུ། པཎ་ཆེན་རིན་པོ་ཆེས་རང་གི་གདུལ་བྱར་གྱུར་བའི་བོད་རིགས་སྤུན་ཟླ་རྣམས་ཐུགས་ཀྱིས་མ་བཟོད་པར་དགུང་ལོ་༢༤ ཐོག་ཀྲུང་དབྱངས་ལ་ཡིག་འབྲུ་ཁྲི་བདུན་གྱིས་བྲིས་པའི་བོད་མི་སྡུག་བསྔལ་ལས་སྐྱོབ་པའི་འབོད་སྒྲའི་སྙན་ཞུ་ཕུལ། སྙན་ཞུ་དེ་ནི་མའོ་ཙེ་ཏུང་གིས་བོད་ཀྱི་ཞིང་བྲན་ལམ་ལུགས་ཀྱི་འགོ་གཙོས་གུང་ཁྲན་ཏང་ལ་འཕངས་བའི་དུག་མདའ་ཞིག་ཏུ་ངོས་འཛིན་བྱས། དེའི་དབང་གིས་༡༩༦༦ ལོ་རིག་གནས་གསར་བརྗེའི་སྐབས་སུ་གུང་ཁྲན་ཏང་གི་འཐབ་རྩོད་གཏོང་སའི་མི་སྣ་གཙོ་བོར་གྱུར། སྐབས་དེའི་འཐབ་རྩོད་ཇི་ལྟར་བཏང་བའི་གནས་ཚུལ་ནི་མི་སྡིག་ཅན་དམྱལ་བའི་ལས་མཁན་གྱི་ལག་ཏུ་ལྷུང་བའི་དཔེ་ཟླ་རུ་གྱུར་པ་བོད་ཀྱི་མི་རབས་རྒན་པ་དག་གིས་དངོས་སུ་མྱོང་ཡོད་པ་རེད། མི་ལོ་བཅུ་ཕྲག་གི་རིང་ལ་ཁྲི་མུན་དུ་བརྫངས་ཏེ་བོད་མི་རྣམས་ཀྱིས་པཎ་ཆེན་རིན་པོ་ཆེ་ཤི་གསོན་གྱི་གནས་སྟངས་མ་ཤེས་པ་ཞིག་བྱུང་།

པཎ་ཆེན་རིན་པོ་ཆེ་ནི་དགྲ་བོར་མི་བཏུད་པའི་མི་རིགས་ཀྱི་དཔའ་བོ་ཞིག་སྟེ། ཁོང་གིས་“ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་མི་རབས་ཚ་རྒྱུད་རྣམས་ལ་གནོད་པའི་བྱས་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེའི་ལོ་རྒྱུས་ནང་མི་འཇོག་”ཅེས་པའི་དམ་བཅའ་གནང་། ༡༩༧༧ ལོར་བཙོན་གྲོལ་ཐོབ་པ་ནས་རིམ་བཞིན་བོད་ཡུལ་དུ་ཕེབས་ཤིང་། མང་ཚོགས་དང་མཇལ་འཕྲད་ཀྱི་གོ་སྐབས་ནམ་བྱུང་ལ་འདས་སོང་ལོ་རྒྱུས་ཁྲོད་རྒྱལ་པཎ་བར་ལ་མི་མཐུན་པའི་དཀའ་ངལ་མེད་པ་དང་དད་པ་དང་དམ་ཚིག་གཙང་མ་ཡིན་པའི་པའི་བདེན་དཔང་གནང་། བོད་མི་རིགས་ཀྱི་རྗེས་ལུས་ཀྱི་རྣམ་པ་འདི་སེལ་མ་ཐུབ་ན་ང་ཤི་ཡང་མིག་མི་བཙུམ་ཅེས་བོད་མི་རིགས་རིག་གནས་དང་བཅས་པ་སྲུང་སྐྱོབ་བྱ་བའི་ལས་སྲོག་ལ་བསྡོས་ནས་འབད་བརྩོན་བྱས་ཏེ། བོད་མདོ་དབུས་ཁམས་གསུམ་གྱི་ས་ཆ་ཚང་མར་ཞབས་ཀྱིས་བཅག བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་ཀྱི་ཆེད་དུ་དགོན་པ་སླར་གསོ། དེང་རབས་ཤེས་ཡོན་དར་སྤེལ་གྱི་ཆེད་དུ་སློབ་གྲྭ་གསར་རྒྱག་གནང་། ད་དུང་དཔལ་འབྱོར་མདུན་བསྐྱོད་ཀྱི་ཆེད་དུ་ཕྱུག་ལས་དང་བཟོ་གྲྭ་སོགས་ཀྱི་ཐད་ལ་ཕྱག་ལས་ཧ་ཅང་མང་པོ་མཛད་པའི་ལོ་རྒྱུས་ལ་བསམ་བློ་བཏང་ན། རྒྱལ་སྲས་བྱང་ཆུབ་སེམས་པའི་ཐུགས་བསྐྱེད་དང་སྨོན་ལམ་དུས་སུ་སྨིན་པ་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ངེས་ཤེས་གཏིང་ནས་སྐྱེས་པ་དང་། མི་རིགས་ཀྱི་དཔའ་མཛངས་རྟུལ་ཕོད་ཅན་གྱི་སྐྱེས་ཆེན་ཟེར་བ་འདི་མིན་སུ་ཡིིན་སྙམ་པའི་མཛད་པ་བསྐྱངས། ཁོང་ནི་མཛད་པ་རླབས་ཆེ་བ་དང་སྐུ་གཟུགས་བརྗིད་ཆེ། གསུང་བཤད་གཏིང་ཟབ་པ། དགོངས་པ་རྒྱ་ཆེ་བའི་མཛད་པ་ཐམས་ཅད་བོད་མི་རིགས་ཁོ་ནའི་ཆེད་དུ་གནང་མཁན་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རྣམས་བོད་གངས་ཅན་པའི་མིག་གི་མདུན་དུ་ཉི་མ་བཞིན་ཤར་ཡོང་བ་དེ་ནས་བཟུང་པཎ་ཆེན་རིན་པོ་ཆེ་ནི་གནམ་གྱི་ཉི་ཟླ་ལས་སེམས་ཀྱི་ཉི་ཟླ་ཞིག་ཏུ་གྱུར། བརྗེད་མི་ཐུབ་པའི་དྲན་ཤིང་ཞིག་ཏུ་གྱུར། ངོམ་སྤྲོ་བའི་གཟི་བརྗིད་ཞིག་ཏུ་གྱུར།

ཞེ་སའི་ལམ་ནས་ཞུས་ན་ད་ལོ་ནི་པཎ་ཆེན་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པའི་ཚུལ་བསྟན་ནས་མི་ལོ་༣༠ འཁོར་བ་རེད་ལ། སྐད་ཆ་ཐད་གར་བཤད་ན་རྒྱ་ནག་གུང་ཁྲན་ཏང་གིས་རིན་པོ་ཆེ་སྐུ་བགྲོངས་ནས་ལོ་༣༠ ལོན་པ་རེད། གང་ལྟར་པཎ་ཆེན་རིན་པོ་ཆེ་མ་བཞུགས་པ་ནི་༸གོང་སྐྱབས་མགོན་རིན་པོ་ཆེས་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཀྱིས་མ་ཐེགས་ཞིག་ཏུ་བཞེད་པ་ལྟར། བོད་མིའི་མགོ་ཐོག་གི་ཉི་ཟླ་ཞིག་ཟིམ་པར་གྱུར་བའམ། མགོན་དང་སྐྱབས་སུ་གྱུར་པའི་མི་རིགས་ཀྱི་དཔའ་བོ་ཞིག་དུས་མིན་རྐྱེན་ལམ་དུ་གྱུར་པའི་ཆགས་སྒོ་དེ་ལས་ཆེ་མེད་པ་དེ་བྱུང་བ་རེད། རིན་པོའི་མཛད་པ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་སེམས་ལ་དྲན་པ་དང་ལྷན་དུ། ངའི་སེམས་སུ་རྒྱ་ནག་གུང་ཁྲན་ཏང་ལ་བཟོད་མི་ཐུབ་པའི་ཤ་འཁོན་ཞིག་གི་ཚོར་བ་ཞིག་སྐྱེས་ཀྱི་འདུག

པཎ་ཆེན་རིན་པོ་དགོངས་པ་རྫོགས་དུས་དགོངས་ལོ་ལྔ་བཅུ་ང་གཅིག་(༡༩༣༨—-༡༩༨༩) རེད། མཛད་པ་དང་ཕྲིན་ལས་དགོངས་ལ་རེག་བཞིན་པའི་སྐབས་ཤིག་དང་། བོད་ཕྱི་ནང་གི་སྒྲིག་འཛུགས་དང་སྤྱི་ཚོགས་གང་ལ་བསམ་བློ་བཏང་ན་ཁོང་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཧ་ཅང་མཁོ་ལ། ལྷག་པར་དུ་བོད་ནང་གི་བོད་མི་རྣམས་ལ་ཁོང་མེད་ཐབས་མེད་པའི་ཁྱིམ་གྱི་ཕ་རྒན་ལྟ་བུ་ཡིན་པའི་སྐབས་དེར་གུང་ཁྲན་ཏང་གིས་ལྔ་ལམ་དུ་བསྐྱལ་ནས་ལོ་ལྔ་ལས་མིན་པའི་སྲས་མོ་རིག་འཛིན་དབང་མོ་དང་ལྷན་དུ་ང་ཚོ་ཡང་དྭ་ཕྲུག་ཏུ་ལྷག་པ་རེད།

ངས་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་དང་གསུང་བཤད་ཀྱི་དེབ། ད་དུང་འབའ་བ་ཕུན་ཚོགས་དབང་རྒྱལ་དང་བཀའ་བློ་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན། སྟགས་ལྷ་ཕུན་ཚོགས་བཀྲ་ཤིས། རྟ་སྲས་ཚུལ་ཁྲིམས། རྒྱ་ལོ་དོན་གྲུབ་སོགས་ཀྱི་མི་ཚེའི་ལོ་རྒྱུས་དག་དང་། གཞན་ཡང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས་ཀྱི་བཀའ་སློབ་མང་པོ་ཞིག་ནས་པཎ་ཆེན་རིན་པོ་ཆེའི་མི་གཞི་དང་ཀུན་སྤྱོད། དགོངས་པ་དང་ཐུགས་གཤིས། སྤོབས་པ་དང་དཔའ་གདེང་སོགས་མཇལ་སྐབས་ཐ་ན་རང་ཉིད་ལ་ཡང་སྤོབས་པ་ཞིག་སྐྱེས་ཀྱི་འདུག དེར་བརྟེན་དེ་རིང་འདིར་བོད་ཀྱི་བང་ཆེན་ཚང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་སྐུ་གྲོངས་ནས་ལོ་༣༠ འཁོར་བར་རྗེས་དྲན་ཆེད་ཁོང་དང་འབྲེལ་བའི་ཆེད་རྩོམ་གསར་པ་འབྲི་མཁན་ཡོད་ན། བོད་ཀྱི་བང་ཆེན་ཐོག་པཎ་ཆེན་རིན་པོ་ཆེ་གླེང་བའི་ལེ་ཚན་ཞིག་ཡོད་ཅེས་འཁོད་པའི་གསལ་བསྒྲགས་ཤིག་མཐོང་བའི་གོ་སྐབས་བཟུང་ནས་བར་གུང་སེང་གི་དུས་ཚོད་སྤྱད་ནས་སེམས་ཚོར་འདི་ཡི་གེར་བྲིས་པ་ཡིན།

དེང་སྐབས་ཡུལ་དུས་གནས་བབ་ཀྱི་རྐྱེན་དབང་གིས་དམ་པ་ཁོང་གི་དགོངས་རྫོགས་དུས་དྲན་སྔ་སྣུར་བྱ་དགོས་ཀྱི་གནས་སྟངས་རིམ་བྱུང་བཞིན། བོད་མི་མང་པོ་ཞིག་གིས་དམ་པ་ཁོང་གི་དགོངས་རྫོགས་དུས་ཚོད་ཀྱང་ནམ་ཡིན་གསལ་པོ་མི་ཤེས་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་འདུག་པར་བརྟེན། གཤམ་ལ་རིན་པོ་ཆེ་འཁྲུངས་འདས་ཀྱི་ལོ་ཟླ་གསལ་བའི་མཛད་བསྡུས་ཤིག་གིས་མཇུག་བསྡུ་བ་ཡིན།

ཀུན་གཟིགས་པཎ་ཆེན་བཅུ་པ་མཆོག་ནི་ཕྱི་ལོ་༡༩༣༨ བོད་རབ་བྱུང་བཅུ་དྲུག་པ། ས་སྟག་ལོའི་ཟླ་དང་པོའི་ཚེས་གསུམ་ཉིན་བོད་མདོ་སྨད་མཚོ་ཤར་བིས་མདོར་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་མགོན་པོ་ཚེ་བརྟན་ཞུ་བ་དང་ཆོས་མཚན་ལ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཞུ། བོད་མི་རིགས་ཀྱི་ཆེད་དུ་སྐུ་སྲོག་བློས་གཏོང་གིས་བླ་ན་མེད་པའི་མཛད་པ་བསྐྱངས། ༡༩༦༢ ལོར་བོད་མི་རིགས་ཀྱི་བདེ་སྡུག་གི་ཆེད་དུ་རྒྱ་ནག་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ། ༡༩༦༦ ནས་༡༩༧༧ བར་བཙོན་དུ་བཞུགས། ༡༩༨༩ ལོའི་ཟླ་༡ པོའི་ཚེས་༢༨ དང་བོད་ཟླ་༡༢ ཚེས་༢༡ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཆོད་༨ དང་སྐར་མ་༣༥ ལ་དགོངས་པ་གཞན་དོན་གཤེགས་པའི་མཛད་པ་བསྟན་པ་རེད།
བོད་མི་རིགས་ཀྱི་སྲོག་གི་ཀ་བ་ཉག་གཅིག་ཏུ་གྱུར་བའི་རླབས་ཆེན་གྱི་དཔའ་བོ་དམ་པ་ཁོང་གི་དགོངས་རྫོགས་དུས་ཚོད་དང་། དགོངས་པ་ཇི་ལྟར་རྫོགས་པའི་གནས་ཚུལ་ནི་མགོ་སྐམ་པོ་ཐང་ལ་ཟག་ཀྱང་བརྗེད་མི་ཐུབ་པའི་དོན་དག་ཞིག་ཡིན།།

ནགས་ཕྲན་པ་བསོད་ནམས་ཚེ་རིང་ནས།

 

Share this:
༩༢༩ ཀློག་གྲངས།