གསུང་ཆོས་དང་སྨོན་ལམ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༥  ཕྱི་ལོ་ ༢༠༡༩/༡ /༢༣   

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་བསྟན་པ་དེ་ཕྱིའི་རྣམ་པའི་ཐོག་ནས་དར་ཁྱབ་འགྲོ་བཞིན་པའི་སྐབས་རེད་ཅེས་བརྗོད་ཆོག ད་ལྟའི་ཆར་རྒྱ་གར་དུ་སྨོན་ལམ་འཚོགས་པ་དང་། གསུང་ཆོས་གནང་རྒྱུ་སོགས་འདུ་འཛོམས་ཀྱི་རིགས་ལ་རང་དབང་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། དད་ལྡན་གྱི་སྦྱིན་བདག་ཀྱང་འཚང་ཁ་ཤིག་ཤིག་ཡིན་པས་སྨོན་ལམ་དང་གསུང་ཆོས་གོ་སྒྲིག་གནང་མཁན་དག་ལ་ཕྱོགས་གང་ནས་བལྟས་ཀྱང་ཁེ་བཟང་ལས་གྱོང་གུད་ཅིག་གཏན་ནས་མེད། ད་དུང་ཆོས་ཕྱོགས་ཁོ་ན་དང་ཚེ་ཕྱི་མ་ཁོ་ན་བཤད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན། སྨོན་ལམ་དུ་འཚོགས་མཁན་དང་དད་ལྡན་ཆོས་ཞུ་བ་རྣམས་ཀྱི་རྒྱུད་ལ་རླབས་ཆེ་བའི་ཐར་པའི་ས་བོན་ཞིག་བསྐྲུན་པ་རེད་ཅེས་བརྗོད་ཆོག་ལ། དོན་དངོས་སུའང་གོ་སྐབས་བཟང་པོ་དམ་འཛིན་བྱེད་ཐུབ་པ་མང་པོ་ཞིག་ཡོད་ངེས་རེད། འོན་ཀྱང་གསུང་ཆོས་དང་སྨོན་ལམ་གྱི་ཟར་ཟུར་ནས་མཐོང་བའི་གནས་ཚུལ་ཆུང་ཙག་རེ་ཟུང་ལ་བལྟས་ན། ཆོས་དང་མཐུན་མིན་གཅིག་པུ་ཙམ་མ་ཡིན་པར་ཕྱོགས་ཡོངས་ནས་བསམ་བློ་གཏོང་དགོས་པའང་མང་པོ་ཞིག་འདུག

སྨོན་ལམ་ལ་མཚོན་ན་མཐར་ཐུག་གི་དམིགས་ཡུལ་ཁམས་གསུམ་གྱི་སེམས་ཅན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་ཐུབ་པ་དང་། གནས་སྐབས་ཀྱི་དམིགས་ཡུལ་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཆེད་དུ་ཡིན་ནའང་། སྨོན་ལམ་གཅིག་གིས་སྨོན་ལམ་གཞན་ལ་གནོད་རབས་དང་། གསུང་ཆོས་གཅིག་གིས་གསུང་ཆོས་གཞན་ལ་གནོད་རབས་སོགས་གཏམ་ངན་འཁྲུག་རྩོད་ཀྱི་གཞི་རྩ་ཉག་གཅིག་ཏུ་འགྱུར་ངེས་ཀྱི་གནད་དོན་ཁག་ཅིག་རིམ་བཞིན་གླེང་ཕྱོགས་མང་པོ་ཞིག་ཁྱབ་བཞིན་ཡོད་པ་ནི། ཆོས་བརྒྱུད་སོ་སོའི་སྨོན་ལམ་གྱི་དམིགས་ཡུལ་དགོས་པ་གང་ཐད་ནས་རྒྱབ་འགལ་དུ་གྱུར་ཡོད་ངེས་རེད། ད་དུང་དེ་ལས་ཀྱང་སྟབས་མ་ལེགས་པ་ཞིག་ལ་བསམ་ཤེས་མེད་པའི་མི་ཁག་ཅིག་གིས་ཆེད་དུ་གླེང་རྙོག་བཟོས་པ་དག་ཆོས་བརྒྱུད་སོ་སོའི་མིང་ཐོག་ནས་སམ། ཡང་ན་ཆོས་བརྒྱུད་སོ་སོའི་ཁེ་ཕན་གྱི་མིང་ཁུར་ཡོང་དུས་ཆོས་བརྒྱུད་སོ་སོའི་རྗེས་འབྲངས་པ་རྣམས་ཀྱིས་བརྟག་དཔྱད་དང་ཞིབ་འཇུག་གང་ཡང་མེད་པར་ཚོར་བ་འབའ་ཞིག་གི་རྗེས་སུ་འགྲོ་ངེས་རེད།

དེར་བརྟེན་ཆོས་ལུགས་ཀྱི་ཕྱོགས་ཞེན་ནི་རྩྭ་སྐམ་པོ་ལ་མེ་མཆེད་པ་བཞིན་ཁྱབ་མགྱོགས་ཤོས་ཡིན་པ་དང་། དེ་ལྟ་བུའི་ཆོས་ལུགས་ཀྱི་ཞེན་ཁོག་དེ་སེམས་ལ་འགོས་ཟིན་པའི་རྗེས་སུ་ལྕགས་ལ་བཙའ་བརྒྱབ་པ་བཞིན། ལས་སླ་པོ་དང་སྟབས་བདེ་པོ་ཞིག་གི་ཐོག་ནས་འདག་ཐུབ་པ་ཞིག་ཀྱང་གཏན་ནས་མིན། དེར་བརྟེན་གཞུང་སྒེར་སུའི་ངོས་ནས་བཤད་ཀྱང་དམིགས་ཡུལ་ངན་པ་ཞིག་འཆང་མི་སྲིད་ནའང་། འབྲེལ་ཡོད་ལས་སྣེ་ཚོས་ཕན་ཚུན་བསམ་ཤེས་དང་འཆར་གཞི་ལྡན་པའི་ཐོག་ནས་གྲ་སྒྲིག་འཐུས་ཚང་ཞིག་མ་ཐུབ་ན། སྨོན་ལམ་དང་གསུང་ཆོས་ཀྱི་དགོས་པ་དམིགས་ཡུལ་དང་རྒྱབ་འགལ་དུ་གྱུར་པའི་གནས་ཚུལ་མང་པོ་འཕྲད་མི་སྲིད་པ་རེད་མི་འདུག མ་འོངས་པར་གནད་དོན་འདི་དག་གལ་གནད་ཆེན་པོ་ཞིག་ཏུ་བརྩི་མ་ཐུབ་ན། ཕན་ཚུན་ཚང་མས་དོགས་པའི་རྒྱབ་ལ་དོགས་པ། རྣམ་རྟོག་གི་རྒྱབ་ལ་རྣམ་རྟོག་མཐུད་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ལ་གནོད་པ་མ་ཟད། ཆོས་བརྒྱུད་ཕན་ཚུན་གྱི་མཛའ་འབྲེལ་ལ་གནོད་པ། དེ་ལ་བརྟེན་ནས་བོད་པའི་རྒྱལ་བསྟན་ཆབ་སྲིད་ལ་གནོད་ཚབས་ཆེན་པོར་འགྱུར་ངེས་རེད།

གནས་ཚུལ་འདི་ལྟ་བུ་བྱུང་སྐབས་འགན་མི་ཁུར་བ་ཁག་ཅིག་དང་། ཆེད་དུ་སྤྱི་ཚོགས་ཟིང་ཟིང་བཟོ་འདོད་པ་ཁག་ཅིག་གིས་གོ་སྐབས་དམ་འཛིན་བྱས་ནས་དྲ་ལམ་ཁག་ཏུ་ཚ་ཚ་འུར་འུར་གྱིས་གནས་ཚུལ་རྫུན་མ་སྤེལ་ནས། གནས་ཚུལ་དབྱེ་ཞིབ་བྱེད་མི་ཤེས་པའི་མི་མང་པོ་ཞིག་རང་ཉིད་ཀྱི་ཕ་མེས་ནས་བརྒྱུད་པའི་ཆོས་ལུགས་ཀྱི་ཞེན་ཁོག་སྐམ་པོ་ཞིག་གཞི་རྩར་བཟུང་ནས་ཚོར་བ་འདྲ་མིན་ལེན་པ་དང་། དེ་ལ་བརྟེན་ནས་ཕྱོགས་གཞན་ནས་དད་འདུན་དང་བརྩི་བཀུར་ཧ་ཅང་ཆེ་བའི་བླ་སྤྲུལ་སྐྱེས་ཆེན་མང་པོ་ཞིག་ལ་ཅི་མི་སྙམ་པར་མཚན་སྨོད་བྱེད་མཁན་ཡོད་ཅིང་། ཕྱོགས་གཞན་ནས་ཀྱང་དེ་མཚུངས་བཞིན་བླ་ཆེན་མང་པོར་སྐུར་འདེབས་དང་མཚན་སྨོད་བྱེད་པའི་གནས་ཚུལ་ལོ་ཤས་ནང་དྲ་ལམ་ཁག་ཏུ་གསལ་པོ་བྱུང་ཡོད། གནས་ཚུལ་དེ་དག་གི་འབྱུང་རྐྱེན་བཙལ་སྐབས་གནས་ཚུལ་འདི་ལྟ་བུ་ལ་བརྟེན་ནས་བྱུང་ཡོད་པས། ཆོས་བརྒྱུད་ཕན་ཚུན་གྱི་མིང་ཐོག་ནས་སྐུར་འདེབས་བྱེད་མཁན་བླ་སྤྲུལ་དང་གྲྭ་བཙུན་དང་གྲྭ་ལོག་དང་མི་སྐྱ་གང་ཡིན་ཡང་ཤུགས་རྐྱེན་ག་རེ་འགྲོ་གི་ཡོད་མེད་ལ་ཅུང་ཙམ་བལྟ་དགོས་པ་ཞིག་རེད།

མདོར་ན་བོད་པའི་གནས་སྟངས་ཛ་དྲག་པའི་སྐབས་སུ་ཆོས་བརྒྱུད་ཀྱི་ཕྱོགས་ཞེན་ནི་དུག་དང་འདྲ་ཞིང་། དེའི་འབྱུང་རྐྱེན་རྣམས་འགོག་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོར་གྱུར་ཡོད། སྨོན་ལམ་དང་གསུང་ཆོས་སོགས་ཆོས་བརྒྱུད་ཀྱི་མིང་ཐོག་ནས་གྲ་སྒྲིག་དགོས་པ་ཁག་ལ་ཚང་མས་ཕྱོགས་ཡོངས་ནས་གཟབ་དགོས་པ་དང་། ཆུང་ས་ནས་དུས་ཚོད་གཏན་འབེབས་བྱེད་སྟངས་ཚུན་ཆད་ནས་ཀྱང་བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་མ་ཐུབ་ན་དོགས་པ་དང་རྣམ་རྟོག་ཆེ་རུ་འགྲོ་བའི་རྒྱུ་རྐྱེན་ཞིག་དང་། ཆེད་དུ་དཀྲོག་གཏམ་སྤེལ་མཁན་དག་ལ་དམིགས་བསལ་གྱི་གོ་སྐབས་བཟང་པོ་ཞིག་སྤྲད་པ་དང་གཅིག་མཚུངས་སུ་གྱུར་ཡོད། ད་ལྟའི་དུས་འདིར་དད་པ་ཡོད། དག་སྣང་ཡོད་ཟེར་མཁན་ཚོར་ཡང་དོན་དུ་ཡོད་མེད་བཤད་དཀའ་བ་དང་། རང་ཉིད་ཀྱི་འདོད་པ་དང་མི་མཐུན་པ་ཞིག་བྱུང་ཚེ་དད་པ་དག་སྣང་ཞེས་པ་ནི་བེད་སྤྱོད་གང་ཡང་མེད། དཔེར་ན། “ཅི་གསུང་ཚད་མར་འཛིན་དགོས་ན།། མི་གསུང་དགུ་གསུང་མ་གསུངས་རོགས།།” ཞེས་༧གོང་ས་མཆོག་ལ་ཞུ་མཁན་བྱུང་བ་ནི་བཙན་བྱོལ་བོད་པའི་དད་པ་དང་དག་སྣང་གི་ཚད་གཞི་ལྟ་བུར་གྱུར་ཡོད།།

 

Share this:
༢༦༨ ཀློག་གྲངས།