མཚན་འཛིན་སློབ་གཙོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྗེས་སུ་དྲན་པ།

ལྷ་སྡེ་གནམ་ལོ་ཡག

ད་ལོའི་ཟླ༡ཚེས༢༨ཉིན་ནི་མཚན་འཛིན་སློབ་གཙོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་བཀྲོངས་ནས་ལོ་འཁོར༣༠འཁོར་བའི་དམིགས་བསལ་གྱི་ཉིན་མོར་འཁེལ་ཡོད། མ་གཞི་དོན་དག་ཆེ་མ་ཆུང་གསུམ་ཀུན་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཡལ་བཞིན་པའམ།  ག་ལེར་བརྗེད་ཀྱིན་ཡོད།  ཡིན་ནའང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མི་ཡུལ་དང་བྲལ་ནས་ལོ་ངོ་ག་ཚད་སོང་ཡང་བོད་མི་དམངས་ཀྱི་སེམས་ཁོང་དུ་ད་དུང་གསལ་ལྷམ་མེར་བཞུགས་ཡོད། དེ་ལྟར་མི་རྣམས་ཀྱི་སེམས་ཁོང་དུ་གནས་དགོས་དོན་ཅི་ཡིན་ནམ། སྨྱུག་ཐོགས་པས་ཁོང་ལ་རྗེས་དྲན་གྱི་ཚབ་ཏུ་དྲི་བ་འདིའི་ཐད་ལ་བརྡར་ཤ་གཅོད་པར་འབད་བརྩོན་བྱ་རྩིས་ཡིན།

དང་པོ། སྡེ་བ་གཞུང་གི་གོ་འཛོལ་འོག་གི་པཎ་ཆེན་སྐུ་ཕྲེང་བཅུ་བ།

དུས་རབས་ཉི་ཤུ་བའི་ལོ་རབས་བཞི་བཅུའི་དུས་མཇུག་ནས་བོད་འདི་བཞིན་ཆགས་འཇིག་གི་འགག་རྩར་སླེབས་ཡོད་མོད། སྐབས་དེའི་བོད་གཞུང་གི་མཛད་གཙོ་ཚོས་ཛ་དྲག་གི་གནས་སྟངས་དེ་ད་དུང་ཤེས་ཀྱི་མེད་པའམ།ཤེས་ཀྱང་ཁེ་བཟང་ལྷོད་མ་འདོད་པར་ཆོས་སྲིད་གཉིས་ཐད་ལ་ཤུགས་རྐྱེན་བསྐྲུན་ནུས་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་ངོས་ལེན་ཕར་ཞོག་མདོ་སྨད་སྐུ་འབུམ་དགོན་ནས་གཙང་བཀྲ་ཤིས་ལྷུན་པོར་ཆིབས་བསྒྱུར་གནང་ཆོག་པའི་ཆོག་མཆན་ཡང་སྤྲད་མེད།

ཏག་ཏག་སྐབས་དེར་རཱ་ཤི་ཡ་དམར་ཤོག་གཞུང་གི་ཆེས་མཐོའི་དབུ་ཁྲིད་སི་ཏ་ལིན་གྱིས་ཡུལ་དེར་གསང་སྟབས་ཀྱིས་རོགས་བསྐྱོར་ཞུ་བར་སླེབས་པའི་རྒྱ་ནག་དམར་ཤོག་གི་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ལེའུ་ཧྲོ་ཆི་བརྒྱུད་ནས་སྐུ་ན་ཕྲ་བའི་པཎ་ཆེན་སྐུ་ཕྲེང་བཅུ་བར་སྲུང་སྐྱོབ་བྱེད་དགོས་པ་དང་དུག་གིས་དགྲོང་སྲིད་པའི་བཀའ་ཕབ་འདུག རྒྱུ་མཚན་ནི་བོད་བཙན་བཟུང་བྱེད་རྒྱུ་དེ་རྒྱལ་སྤྱིའི་དམར་ཤོག་ཚོགས་པས་འཛམ་གླིང་ལ་དབང་བསྒྱུར་བྱེད་པར་ཐག་གཅོད་རང་བཞིན་ལྡན་པའི་འཐབ་ཇུས་ཀྱི་ས་མདུད་ཅིག་ཆགས་ཡོད་པ་རེད། དེ་ནས་མའོ་ཙེ་ཏུང་གིས་ཕིན་ཏི་ཧེ་དང་ཞིས་ཀྲུང་ཞོན་འགོ་གཙོ་ཡིན་པའི་ནུབ་བྱང་ཅུད་ལ་ཏར་འཕྲིན་བཏང་སྟེ་འགན་བཀལ་བས། ནུབ་བྱང་ཅུད་ཀྱིས་དམག་སྤྱི་ཕན་མིང་པཎ་ཆེན་ནང་མ་སྒང་དུ་བཅའ་བཞུགས་འཐུས་མིར་མངགས་པ་རེད། དེའི་ཡར་སྔོན་བོད་གཞུང་གིས་པཎ་ཆེན་ནང་མ་སྒང་གཙང་ལ་ལོག་པའི་ཆོག་མཆན་མ་སྤྲད་པས། རྒྱ་ནག་མི་སེར་ཤོག་ཁག་གིས་ཐེ་ཝན་ལ་ཕེབས་བསྐུལ་དང་དམར་ཤོག་གིས་གྲོགས་འབྲེལ་འཛུགས་རྩིས་གཉིས་གང་བཟང་མིན་ཐད་མོ་བརྒྱབ་ནས་དམར་ཤོག་དང་མཉམ་སྡོད་བཟང་རྟགས་མངོན་པ་གཞིར་བྱས་འབྲེལ་ལམ་ཚུགས་པ་ཞིག་ཏུ་བཤད།

ལོ་རྒྱུས་རྒྱབ་ལྗོངས་དེའི་འོག་ནས་པཎ་ཆེན་ནང་མ་སྒང་གིས་སྐུ་ན༡༡ལ་སོན་པའི་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཚབ་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པར་རྟེན་འབྲེལ་ཞུ་བའི་ཏར་འཕྲིན་ཞིག་བཏང་འདུག སྟབས་མ་ལེགས་པར་པཎ་ཆེན་ནང་མ་སྒང་གི་དཔོན་རིགས་ཁྲོད་རྒྱ་སྐད་ཤེས་མཁན་ལས་རྒྱ་ཡིག་ཤེས་མཁན་མེད་པས།བོད་ཡིག་མ་ཕྱིའི་ནང་དུ“… …ལོ་ངོ་ཉི་ཤུ་ལྷག་རིང་བོད་ཀྱི་གཅིག་གྱུར་དང་བདག་དབང་ཆེད་འབོད་བསྐུལ་དང་འབད་བརྩོན་ཞུས་ཡོད”སོགས་ལས་བོད་དང་རྒྱ་གཉིས་ཁ་ཁ་ཡིན་པ་དང་པཎ་ཆེན་སྐུ་གོང་མའི་མཛད་པ་སོགས་གསལ་ཡོད་ཀྱང་རྒྱ་འགྱུར་ཁྲོད་ཚིག་གི་གཡོ་རྩེད་བསྲེས་འདུག གཙོ་བོ་ཚིག་རྐང་གཉིས་ཏེ“རྒྱལ་ཁབ་ཀྱི་སྐུ་དྲིན”ཟེར་བ་ཞིག་དང“བཅིངས་འགྲོལ”གཉིས་རེད།སྔ་མར་ཁ་གསལ་མེད་པ་དང་ཕྱི་མ་ནི་སྐབས་དེར་བོད་ཡིག་ནང་ཡོད་མི་སྲིད་པའི་ཚིག་གསར་ཞིག་རེད།

ཕྱོགས་གཞན་ཞིག་ནས་ལྟ་སྐབས། དེ་ལས་ཀྱང་ཧང་སངས་དགོས་པ་ནི་བོད་རྒྱའི་བར་དུ་ཕྱི་ལོ༡༩༥༡ལོར་བཙན་སྣ་མ་ཐེག་པར“གྲོས་མཐུན་དོན་ཚན་བཅུ་བདུན”ཟེར་བ་འཇོག་སྐབས། བོད་ཕྱོགས་ནས་རྩོད་འོས་པའི་བོད་ཀྱི་བདག་དབང་མི་རྩོད་པར་པཎ་ཆེན་སྐུ་ཕྲེང་བཅུ་བ་ཁས་ལེན་མིན་ཐད་དུས་ཚོད་མང་ཆེ་བ་བཏང་ཡོད་ཅེས་སྐབས་དེར་མཉམ་ཞུགས་གནང་མཁན་འབའ་བ་ཕུན་ཚོགས་དབང་རྒྱལ་དང་རྗེས་སུ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་འཚོ་བའི་གསུང་བསྒྱུར་བ་འབའ་བ་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་ལྗགས་རྩོམ་ནང་བཀོད་ཡོད། ཡིན་ནའང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་བོད་མི་དམངས་ལ་ཞབས་འདེགས་དང་མང་ཚོགས་ཀྱི་བདེ་སྡུག་འགན་དུ་ལེན་པར་སེམས་ཤུགས་ཆག་མི་འདུག་པར་མ་ཟད། རྒྱ་དམར་གཞུང་གི་ངོ་གདོང་ངོ་མ་མཁྱེན་འཕྲལ་བོད་ཀྱི་རྒྱལ་བོ་མཐའ་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་ལ་གསང་འབྲེལ་གནང་ནས་དགྲ་ཁར་དཔུང་བ་མཉམ་བཤིབས་ཀྱི་ཆོད་སེམས་བརྟན་པོ་བསྟན་སོང་ཞེས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་སྐུ་དངོས་ནས་གསུངས་ཀྱིན་པ་ལྟར་དང་། མཁས་དབང་ཟླ་བ་ནོར་བུས་བརྩམས་པའི་ལོ་རྒྱུས་ལྟར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོར་སྔ་རྗེས་སུ་ཐེངས་བཞི་ལ་འབྲེལ་གཏུགས་གནང་ཡོད་ཅིང་། མཐའ་མ་དེ་ཉི་ཧོང་གནམ་ཐང་ནས་རྒྱ་རི་པདྨ་རྒྱལ་བོ་མཆོག་བརྒྱུད་ནས་ལྗགས་འཕྲིན་བསྐུར་བ་ནི་སི་ཊ་སི་སྦག་གི་གྲོས་གཞི་ལ་རྒྱབ་བསྐྱོར་ཡོད། དེ་ལས་མར་འབབ་མི་རུང་ཞེས་པ་དེ་ཡིན་སྐད། དེ་བས། སྨྱུག་ཐོགས་པས་ཚིག་ཐག་ཆོད་པོས་ཞུ་ཐུབ་པ་ནི་སྐུ་ཞབས་རྒྱལ་ལོ་དོན་གྲུབ་ལགས་ཀྱིས་རང་རྣམ་ནང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་མཚན་སྨད་དང་གྲོངས་རྐྱེན་སོགས་ཀྱི་ཐད་འགྲེལ་ལོག་བརྒྱབ་ཡོད་པར་རང་ཉིད་ཀྱི་ཚེ་ཡི་འཕེན་པ་མ་རྫོགས་པའི་ཡར་སྔོན་ཡོ་བསྲང་མ་གནང་བ་ཡིན་ན་ལོ་རྒྱུས་མཁས་པ་ཚོའི་སྤྱན་ལམ་དུ་ཡབ་གཞིས་སྤྱི་དང་སྒོས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་ལའང་དོགས་པ་ཟ་བྱེད་ཀྱི་དཔྱད་ཡིག་ཅིག་ཏུ་གྱུར་ཡོད།

གཉིས་པ། མེར་འཚིག་མེར་གཏུགས་ཁྲོད་ཀྱི་པཎ་ཆེན་སྐུ་ཕྲེང་བཅུ་བ།

བོད་ཤར་ཕྱོགས་མདོ་ཁམས་སམ། ཁམས་དང་ཨ་མདོའི་ནང་ཕྱི་ལོ༡༩༥༦ལོ་ནས་སྔར་རྒྱུན་མཐུད་ཀྱིན་པའི་རྒྱ་དམར་མི་སེར་སྤེལ་བའི་གཞུང་ལ་དྲག་པོའི་ངོ་རྒོལ་རིམ་པ་གསར་བ་ཞིག་ཏུ་སྤོ་བསྐྱོད་བྱས་ཡོད། དུས་ཡུན་དེའི་ནང་བོད་ནུབ་ཕྱོགས་དབུས་གཙང་ཁུལ་དུ“མདོ་ཁམས་ཆུ་བཞི་སྒང་དྲུག”དབུ་བརྙེས་ཡོད་ཅིང་། པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡབ་གུར་མགོན་ཚེ་བརྟན་མཆོག་གིས་ཕ་ཡུལ་མདོ་སྨད་ཡ་རྫི་སོགས་ནས་སླེབས་པའི་བྲོས་བྱོལ་བོད་མི་སྐོར་ཞིག་ལ་མཚོན་ཆ་སྤྲད་ནས་ཆུ་བཞི་སྒང་དྲུག་ནང་འཛུལ་ཞུགས་བྱེད་དུ་བཅུག  འོན་ཀྱང་། ལྷོ་ཁའི་དམག་འཐབ་ཁྲོད་མི་རེ་གཉིས་རྒྱ་དམར་དམག་མིས་འཇུས་འདུག་པས། དེ་དོན་ཧ་གོ་ནས་ཕྱི་ལོ༡༩༥༨ལོར་རྒྱ་དམར་མི་སེར་སྤེལ་བའི་གཞུང་གིས་ཡབ་གུར་མགོན་ཚེ་བརྟན་མཆོག་ལ་ཁྱི་ལྤགས་བཀབ་ནས་ཧུར་བརྩོན་ཅན་ཚོར་འཐབ་རྩོད་འཛིན་དུ་འཇུག་སྐབས། དབུས་དང་གཙང་གཉིས་ཀྱི་སྐུ་དྲག་ཚོ་ཧང་སངས་པ་དང་མང་ཆེ་བ་བཙན་བྱོལ་དུ་ཕེབས་པར་བློ་ཐག་གཅོད་བྱེད་དུ་གྱུར་ཡོད་ཟེར། ཡིད་སྐྱོ་བ་ཞིག་ལ་གནད་འགག་ཅན་གྱི་ལོ་རྒྱུས་

དུམ་བུ་འདི་རྒྱ་བློ་བཟང་བཀྲ་ཤིས(སྔར་བོད་ལ་མགོ་བཏགས་པའི་རྒྱ་དམར་གཞུང་གི་དམག་དཔོན་ཞིག)ཀྱི་རང་རྣམ་དུ་བཀོད་ཡོད་པ་ལས་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དང་པར་མུས་སུ་ཡོད་པའི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ཁྲོད་ཧ་ལམ་མཐོང་རྒྱུ་མེད་པའི་བཟོ་རེད་འདུག འདི་ཕྱོགས་གཅིག་ཡིན།

དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་དུས་མཇུག་ནས་བོད་མི་དམངས་མགོན་མེད་སྐྱབས་མེད་འོག་ཚུད་ཡོད་པར་མ་ཟད། དྲག་པོས་དམར་གསོད་དང་ཡ་ང་བའི་འཐབ་རྩོད་སོགས་ཀྱི་མནར་གཅོད་འོག་ལྷུང་ཡོད། གནས་སྟངས་ཛ་དྲག་པོ་དེའི་འོག་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་སྐུ་སྲོག་འབེན་ལ་བཙུགས་ཏེ་རྒྱ་དམར་མི་སེར་སྤེལ་བའི་གཞུང་དང་མེར་འཚིག་མེར་གཏུགས་ཀྱི་མཛད་པ་ལྷུར་དུ་བཞེས་ནས“སྙན་ཞུ་ཡིག་འབྲུ་ཁྲི་བདུན་མ”ཞེས་དེང་གི་ཆར་སྐབས་དེའི་ལོ་རྒྱུས་གཟུགས་རིས་སུ་མཐོང་ཐུབ་པའི་གཏུགས་ཡིག་དེ་བརྩམས་ནས་པར་ཕུད་རྒྱལ་བ་རིན་པོ་ཆེར་བཏང་བ་སྐུ་ངོ་ཞིང་གཤེགས་ལྷ་རྒྱ་རི་མཆོག་གིས་ཁོང་གི་ལྩམ་སྐུ་ཞབས་ལ་གསུངས་ཡོད་པ་ལྟར་དང་ངོ་བཤུས་ཀྲུའུ་ཨིན་ལེ་བརྒྱུད་ནས་མའོ་ཙེ་ཏུང་ལ་ཕུལ་ཡོད།  སྒོས་སུ་ཕྱི་ལོ༡༩༨༧ལོར་ཁོང་གི་གཏམ་བཤད་ཅིག་ནང་སྐབས་དེར་བོད་མི་འདས་གྲོངས་དང་འཇུ་བཟུང་གི་གྲངས་འབོར་ལ་བསྐྱར་ཞིབ་བརྒྱུད་ནས་ཤེས་པ་ནི་བརྒྱ་ཆའི་བཅོ་ལྔ་ནས་ཉི་ཤུ་ཡིན་ཞེས་གསལ་བོར་གསུངས་འདུག དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུའི་ནང་བོད་ཁམས་ཡོངས་སུ་བོད་མི་ས་ཡ་དྲུག་ཡོད་པར་ཆ་བཞག་ན་བརྒྱ་ཆའི་ཉི་ཤུ་ནི་ས་ཡ་གཅིག་དང་འབུམ་གཉིས་ཡིན་པས། ཕྱི་ལོ༡༩༩༡ལོར་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིིའི་སློབ་ཆེན་ཞིག་ཏུ་བོད་ནང་མི་ས་ཡ་གཅིག་དང་འབུམ་གཉིས་རྒྱུན་ལྡན་མ་ཡིན་པར་འདས་གྲོངས་སུ་གྱུར་ཡོད་ཅེས་པའི་གནས་ཚུལ་འབྱུང་ཁུངས་གོང་འཁོད་བཀའ་སློབ་དེར་འབྲེལ་བ་ཡོད་མེད་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་འདྲི་ཞུ་བྱར་ལྷག་ཡོད།

ད་དུང་ཀུན་གཟིགས་པཎ་ཆེན་སྐུ་དངོས་ཀྱིས་སྐབས་དེར་བོད་མི་ཚོར་བཟའ་བཏུང་གི་སྣོད་ཆས་སམ་དཀར་ཡོལ་མེད་པའི་དཀའ་ངལ་ཡང་སེལ་འདུག་པས།དེ་ནི་བོད་ཀྱི་བླ་མ་ཞིག་གིས་མང་ཚོགས་ལ་ཕར་རོགས་བསྐྱོར་གནང་ཐེངས་དང་པོ་ཆགས་ཡོད་པའང་ཁོང་གི་གསུང་བཤད་ལས་ཤེས་ཐུབ། གཞན་ཕྱི་ལོ༡༩༦༤ལོའི་ལྷ་སའི་སྨོན་ལམ་ཆེན་མོའི་སྟེང་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་རྒྱལ་བོ་ཡིན་པ་དང་ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་དགོས་ཞེས་ཡོངས་གྲགས་སུ་གསུངས་པས། ཉིན་དེ་ནས་ཁོང་འཛིན་བཟུང་དང་རྒྱ་དམར་དཔོན་རིགས་ཚོས་བོད་པ་ང་ཡིན་ཁོ་ཡིན་ཟེར་མཁན་ཚོ་བཀོལ་ཏེ་འཐབ་རྩོད་བཟུང་ཡོད་ལ་རིམ་བཞིན་པེ་ཅིན་དུ་ཁྲིད་ནས“ཞིང་བྲན་བདག་པོ”ཟེར་བའི་མིང་ཐོག་ནས་འགྲེམས་སྟོན་དང་པེ་ཅིན་ཆིན་ཁྲིན་བཙོན་ཁང་ནང་ལོ་བཅུ་ཙམ་ལ་བཞུགས་དགོས་ཐུག་ཡོད། སྐབས་དེའི་ལོ་རྒྱུས་ཤེས་འདོད་མཁན་ཚོས་གཙང་ཕྲུག་སྟོབས་ལགས་ཀྱི“པཎ་ཆེན་ཨེར་ཏི་ནི་ཞིབ་འཇུག”ལ་གཟིགས་རོགས།

བཙོན་སྲུང་ལས་བྱེད་ཅིག་གི་ཕྱིར་དྲན་རྩོམ་ཡིག་ལྟར་ན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཆིན་ཁྲིན་བཙོན་ཁང་ནང་ཉལ་ཁྲིའི་སྟེང་དུ་ཉིན་རྟག་པར་སྒོམ་རྒྱག་གིན་པས། བཙོན་སྲུང་ཚོས་ཁོང་ལ་དྲག་རྩལ་ལམ་རླུང་རྩལ་ཡོད་པར་དོགས་ནས་ཐེ་གཏོགས་བྱེད་ཐུབ་ཀྱི་མེད་པར་མ་ཟད། ཁོང་གིས་དུས་རྒྱུན་བཙོན་མ་ལོ་རྒན་ཚོར་ཆུ་འཁོལ་ཚ་བོ་སྤྲད་དགོས་ཀྱི་འདུག་ཅེས་བཙོན་སྲུང་ཚོར་རྩོད་པའང་རྒྱག་གི་འདུག་ཟེར། གནས་ཚུལ་འདི་ལས་མི་ཚོར་དོན་དག་གཉིས་ངོ་འཕྲོད་ཐུབ་ཀྱི་ཡོད། གཅིག་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བཙོན་ཁང་གི་དུས་ཚོད་མང་ཆེ་བ་ཉམས་ལེན་ཐད་བཏང་ཡོད་པས། ཉམས་ལེན་དུས་ཡུན་ལ་ཉུང་མཐར་ལོ་དགུ་ལྷག་སོང་ཡོད་པ་དང་སྟོན་པ་ཤཀྱཱ་ཐུབ་པའི་ལོ་དྲུག་གི་ཉམས་ལེན་ལས་ལོ་གསུམ་གྱི་མང་བ་གནང་འདུག འདི་ནི་རྐྱེན་ངན་གྲོགས་ཤར་གྱི་དཔེར་མཚོན་ཡང་ཡག་ཤོས་ཤིག་རེད་ཅེས་བཤད་ཆོག གཉིས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་རང་གི་རྒན་བཀུར་ཆུང་བྱམས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་ཡ་ང་བའི་འཚོ་གནས་ཁྲོད་དུའང་སྲུང་འཛིན་གནང་ཡོད་པས།འདི་ནི་བཙོན་ཁང་གི་ཁོར་ཡུག་ཁྲོད་མི་རང་ག་བ་ཚོའི་བློ་ངོར་འཆར་དཀའ་བའི་རྨད་བྱུང་གི་མཛད་པའི་ཆ་ཤས་གཅིག་རེད། སྐྱབས་རྗེ་ཨ་ཀྱཱ་རིན་པོ་ཆེ་མཆོག་གི་རང་རྣམ་ལྟར་ན། སྐབས་དེར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་འཇུག་སའི་ཁང་མིག་གི་ལོགས་ཀྱི་ཁང་མིག་ཅིག་ནང་དམག་སྤྱི་ཕིན་ཏི་ཧེ་བཅུག་འདུག་པས། བཙོན་སྲུང་དེའི་ཕྱིར་དྲན་རྩོམ་ཡིག་ཁྲོད་ཀྱི་རྒན་པ་ཚོ་ཟེར་བའི་གཅིག་ནི་ཕིན་ཏི་ཧེ་ཡིན་ངེས་པར་མ་ཟད། ཕྱི་ལོ༡༩༧༤ལོར་ཕིན་ལ་རྒྱུ་གཅོང་ན་ནས་གྲོངས་འདུག

གསུམ་པ། ཤེས་རིག་བསྐྱར་དར་དང་བསྟན་པ་ཡང་དར་གྱི་རུ་འདྲེན་པ་པཎ་ཆེན་སྐུ་ཕྲེང་བཅུ་བ།

ལོ་རྒྱུས་རང་ངོས་ནས་བཤད་ན། བོད་ཤར་ཕྱོགས་ཀྱི་ཁམས་དང་ཨ་མདོའི་ནང་ཤེས་རིག་རྩ་མེད་དང་ཆོས་ལུགས་བསྣུབས་པའི་ལས་འགུལ་ཐེངས་གཉིས་བྱུང་ཡོད་ལ། རྒྱ་དམར་གཞུང་གི་བཤད་སྟངས་ལྟར་དབྱེ་ན“གཡས་རྒོལ”(༡༩༥༧ལོ་ནས༡༩༦༥)དང“རིག་གསར”(༡༩༦༦ལོ་ནས༡༩༧༦)གཉིས་ཡིན། དབུས་གཙང་ཁུལ་དུ་ཕྱི་ལོ༡༩༥༩ལོར་བར་བོད་གཞུང་ཡོད་པས“རིག་གསར”གཅིག་པུ་ལས་བྱུང་མེད། བོད་སྤྱིའི་ཆ་ནས་སྔར་ཆོས་ལུགས་ལ་དར་རྒུད་བྱུང་མྱོང་མོད། ཤེས་རིག་རྩ་མེད་གཏོང་བའི་ལོ་རྒྱུས་བྱུང་མྱོང་མེད། དེ་བས། ཕྱིས་སུ་སླར་གསོ་བྱུང་བའི་ལོ་རྒྱུས་ལ“ཤེས་རིག་བསྐྱར་དར”དང“བསྟན་པ་ཡང་དར”གྱི་དུས་ཞེས་བརྗོད་ཀྱིན་ཡོད།

བོད་ཀྱི་དེང་རབས་ལོ་རྒྱུས་ཐོག་ནས་ཕྱི་ལོ༡༩༧༧ལོ་ནི་དཀྱོགས་མཚམས་ཡན་གར་བ་ཞིག་ཆགས་ཡོད། ལོ་དེར་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཧྭ་ཀོ་ཧྥིན་མཆོག་གིས“བོད་མིའི་ཡུལ་སྲོལ་གོམས་གཤིས་སླར་གསོའི་སྲིད་བྱུས”ཁྱབ་བསྒྲགས་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བཙོན་ཁང་ནས་གློད་གྲོལ་བཏང་ཡོད། ཕྱིས་སུ་མི་མང་བོ་ཞིག་གིས་ཏིང་ཞའོ་ཕིང་ལ་དབང་ཤུགས་རེག་པར་ངོ་དགའ་སྤྲེལ་ལད་ཆེད་ཧྭ་ཀོ་ཧྥིན་གྱི་བྱས་རྗེས་ཏིང་གི་མགོར་འགེལ་ཅི་ཐུབ་བྱས་ཡོད་ནའང་། དོན་ལ་སྐབས་དེར་ཏིང་ཞའོ་ཕིང་རང་ཉིད་ནས་ཀྱང“བླ་མེད་དབུ་ཁྲིད་ཧྭ་ཀྲུའུ་ཞི”འགོ་བརྗོད་དུ་བཀོད་པའི་ལས་གནས་སླར་གསོ་ཡོང་བའི་སྙན་ཞུ་བྲིས་པ་རྗེས་སུ་མཐོང་རྒྱུ་འདུག་པས། རྩོམ་འདི་བཀླགས་རྗེས་ནོར་འཁྲུལ་ཅན་གྱི་བཤད་སྟངས་དེ་དེང་ཕྱིན་བཀོལ་མི་རུང་། གལ་ཏེ་ཧྭ་ཀོ་ཧྥིན་ལ་ཤུགས་རྐྱེན་སྤྲད་མཁན་ཞིག་ཡོད་ཚེ་དེ་ནི་སྐབས་དེའི་རྒྱ་ནག་དམར་ཤོག་གཞུང་རྩ་འཛུགས་ལྷན་ཁང་གི་དབུ་ཁྲིད་ཧུའུ་ཡོ་པང་ཡིན། རྒྱུ་མཚན་ནི་ཕྱིས་ཀྱི་ལོ་བཅུའི་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རུ་འདྲེན་གནང་བའི“བོད་ཀྱི་ཤེས་རིག་བསྐྱར་དར”དང“བསྟན་པ་ཡང་དར”ལས་འགུལ་ལ་ལམ་འགྲོ་བྱུང་རྐྱེན་གཙོ་བོ་ནི་ཧུའུ་ཡོ་པང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཐུག་ཡོད། དེའི་འཕྲོས་བན་བོན་དང་གྲུབ་མཐའ་རིས་མེད་ཀྱི་བླ་མ་དང་མཁས་པ་དག་གི་གཞོགས་འདེགས་ཡིན་ལ།མང་ཆེ་བ་བཙོན་ནས་ཕྱི་ལ་ཕེབས་མ་ཐག་ཡིན་པས། “བུམ་པ་གང་བྱོའི”མཛད་པ་བསྐྱངས་ཡོད། ཡིན་ནའང་ཡིག་ཚོགས་ལ་གཞོལ་སླད་གྲུབ་དོན་ཁག་ལས་ཞིབ་ཕྲར་འཇུག་གི་མིན།

མ་གཞི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་བཙོན་གྲོལ་ཐོབ་རྗེས། དཔོན་གནས་མེད་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆབ་སྲིད་གྲོས་མོལ་ལྷན་ཚོགས་ཀྱི་རྒྱུན་ལས་ནང་ཡོད་མུས་ཡིན། ཕྱོགས་གཞན་ནས་ཁོང་ལ་སྔར་ཆབ་སྲིད་ཀྱི་ ཞྭ་མོ་ཆེན་པོ་གསུམ(མི་དམངས་ལ་རྒོལ་བ། སྤྱི་ཚོགས་རིང་ལུགས་ལ་རྒོལ་བ། ངོ་ལོག་ཟིང་འཁྲུག་སློང་རྩིས་ཡོད་པ)གཡོགས་ཡོད་པ་དེ་ཕྱི་ལོ༡༩༨༨ལོའི་ཟླ༥བར་ཏེ། ཁོང་མ་བཀྲོངས་པའི་ཡར་སྔོན་གྱི་ཟླ་བ་དྲུག་གི་སྔོན་ལ་མ་གཏོགས་དཀར་འདོན་བྱས་མེད། དེ་ནི་ཐད་ཀར་ཏིང་ཞའོ་ཕིང་ལ་འབྲེལ་བ་ཆགས་ཡོད། དེང་ཐོག་དཀར་འདོན་མི་བྱེད་དོན་ནི་སྔར“ནུབ་བྱང་ཅུད”དང“ནུབ་ལྷོ་ཅུད”ཀྱིས་བོད་ནང་དབང་རྩོད་ཀྱི་རྒྱུན་ཞིག་ཡིན། དཔེར་ན། སྐབས་དེར་བོད་དོན་ལ་འགན་འཁུར་མཁན་སྔར་ནུབ་ལྷོ་ཅུད་ཀྱི་འགོ་གཙོ་ཏིང་ཞའོ་ཕིང་ཡིན་པས། ནུབ་ལྷོ་ཅུད་ལ་གཏོགས་པའི་འབའ་བ་ཕུན་ཚོགས་དབང་རྒྱལ་ལ་དཀར་འདོན་བྱས་ཡོད་པ་དང་། ནུབ་བྱང་ཅུད་ལ་གཏོགས་པའི་ཕན་མིང་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་ཕྱེད་དཀར་འདོན་ལས་བྱས་མེད། དེའི་རྒྱབ་ལོགས་སུ་སྔར་ནུབ་ལྷོ་ཅུད་ཀྱིས་རྒྱལ་བ་རིན་པོ་ཆེ་ནུབ་བྱང་ཅུད་ཀྱི་ཕན་མིང་ལ་ཞེད་ནས་བཙན་བྱོལ་གནང་བར་ངོས་འཛིན་བྱས་ཡོད་པ་དེ་ཡིབ་ཡོད་པ་འདྲ། གང་ལྟར་དེང་སྐབས་ཞིས་ཅིན་ཕེན་ནས་ཏིང་ཞའོ་ཕིང་གླེང་ཙམ་ཡང་མི་བྱེད་པའང་ཁོང་གི་ཕ་ཞིས་ཀྲུང་ཞོན་ནུབ་བྱང་ཅུད་ཀྱི་དབུ་ཁྲིད་གྲས་ཀྱི་གཅིག་ཡིན་པ་དང་ནུབ་ལྷོ་ཅུད་ལ་གཏོགས་པའི་མི་ཚོས་ནུབ་བྱང་ཅུད་ལ་གཏོགས་མཁན་ཚོར་ཞིས་ཅིན་ཕེན་བར་དུ་དབང་ཆ་རེག་ཏུ་བཅུག་མེད་པར་མ་ཟད། སྐབས་དེར་མའོ་ཙེ་ཏུང་ལ་གཞོགས་འདེགས་ཀྱིས་ནུབ་བྱང་ཅུད་ཧ་ལམ་རྩ་མེད་གཏོང་རྩིས་བྱས་པར་ཐུག་ཡོད། འདི་དག་ཞོར་འཕྲོས་ཡིན་ལ། བོད་པ་ཚོས་ཤེས་དགོས་པ་ཞིག་ཀྱང་ཡིན།

ལོ་རྒྱུས་ཀྱི་རྒྱབ་ལྗོངས་འདིའི་འོག་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཕྱི་ལོ༡༩༧༨ལོའི་རྒྱལ་ཡོངས་སྲིད་གྲོས་ཚོགས་འདུའི་སྟེང་བོད་ཡིག་འཇིག་ཉེན་ལ་འཕྲད་ཡོད་པའི་དགོངས་ཚུལ་ཤུགས་ཆེར་གསུངས་པས། རྒྱ་དམར་གཞུང་ནས་དོ་སྣང་སྤྲད་ཡོད་པར་མ་ཟད། ཕྱི་ལོ༡༩༧༩ལོ་ནས་བོད་ཡིག་གི་དུས་དེབ་ཁག་རིམ་པས་འདོན་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་འདུག དེ་ཡི་ཉེར་ལེན་ལ་བརྟེན་ནས་བོད་ནང་དཔལ་དོན་གྲུབ་རྒྱལ་མཆོག་མཚོན་རྟགས་སུ་གྱུར་བའི་རྩོམ་པ་པོའི་དཔུང་སྡེ་གསར་བ་ཞིག་ཆར་ཤུལ་གྱི་ཤ་མོ་ནང་བཞིན་དེང་གི་བར་རྒྱུན་མཐུད་ཀྱིན་པ་འདི་རེད་ལ། དེང་སྐབས་སྐད་ཡིག་གཅིག་ཙམ་མ་ཡིན་པར་སྐད་གཉིས་དང་སྐད་གསུམ་རྩོམ་པ་པོའང་གང་ལ་གང་ཙམ་ཐོན་བཞིན་ཡོད།  དེ་བས། བོད་ཀྱི་ཤེས་རིག་བསྐྱར་དར་གྱི་གོམ་སྟབས་ཀྱང་ཕྱི་ལོ༡༩༧༩ལོ་ནས་འགོ་ཚུགས་པར་བཤད་ཆོག

ཕྱི་ལོ༡༩༨༠ལོ་ནས་བོད་ནང“ཆོས་སྒོ་ཕྱེ་བ”ཞེས་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་སྲིད་ཇུས་བསྒྲགས་ཡོད་ནའང་ལག་ལེན་ནང་དོན་འཁྱོལ་ཡོང་གི་མེད། གནས་སྟངས་དེར་འགྱུར་བ་གཏོང་ན་བློ་ཁོག་དགོས་པའི་ཁར། རྒྱ་དམར་གཞུང་གི་ཆབ་སྲིད་ལ་བསྐུལ་འདེད་གཏོང་བའི་རྣམ་དཔྱོད་ཀྱང་དགོས་ཀྱི་ཡོད། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་ཆ་རྐྱེན་དེ་གཉིས་ཚང་ཡོད་པའི་ཁར། བཙོན་གྲོལ་ཐོབ་མ་ཐག་པའི་བླ་སྤྲུལ་དགེ་བཤེས་མི་ཉུང་བ་ཞིག་གི་གཞོགས་འདེགས་ཀྱང་ཡོད་པས། བོད་ནང་བསྟན་པ་ཡང་དར་གྱི་དར་མོ་ཆེ་མཁའ་རུ་བསྒྲེངས་ཐུབ་ཡོད། དཔེར་ན། ཕྱི་ལོ༡༩༨༧ལོར་སྨྱུག་ཐོགས་པ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ཞིག་ཡིན། སྐབས་དེར་ང་ཚོའི་དགེ་རྒན་བཀའ་དྲིན་ཅན་མཁས་དབང་བཤད་སྒྲུབ་རྒྱ་མཚོ་མཆོག་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང(རིམ་བཞིན་བོད་ཁུལ་གྱི་ས་གནས་གལ་ཆེན་ཁག་ཏུའང་ནང་བསྟན་སློབ་གླིང་མང་བོ་བཙུགས་ཡོད)ནང་བརྡ་སྤྲོད་རིག་པ་ཁྲིད་དུ་ཕེབས་ཀྱི་འདུག ཐེངས་ཤིག་རྒན་ལགས་ཕྱིར་མཚོ་ལྷོར་ཕེབས་ནས་ང་ཚོའི་འཛིན་གྲྭར་དཔེ་ཁྲིད་གནང་སྐབས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་ཀྱི་བླ་མའི་སློབ་གྲྭ་འདི་གཉེར་དགོས་པའི་དམིགས་ཡུལ་ནི་བླ་མ་ཚོར་ལྟ་རྒྱ་མཐོང་རྒྱ་བསྐྱེད་རྗེས་རང་རང་གི་ཕ་ཡུལ་དུ་ལོག་ནས་དགོན་པ་སླར་གསོ་དང་མང་ཚོགས་ལ་ཞབས་འདེགས་སྒྲུབ་ཆེད་རེད་གསུངས་སོང་། སྐབས་དེར་ཕྲན་གྱིས་རྒན་ལགས་ཀྱི་སྐད་ཆ་དེའི་ནང་དོན་རབ་རིབ་ཙམ་མ་གཏོགས་ཧ་གོ་མ་སོང་། དེང་སྐབས་བསམ་བློ་བཏང་ན་དེ་ནི་ཇི་འདྲའི་ཕུགས་རྒྱང་རིང་ཞིང་གྲུབ་འབྲས་ཐད་ཀར་སྨིན་ཐུབ་པའི་གནང་སྟངས་བླ་ན་མེད་པ་ཞིག་རེད་ཨང་། ཕྱོགས་གཅིག་ནས་བླ་སྤྲུལ་མི་རེ་ངོ་རེ་ལ་གདེངས་འཇོག་དང་བསྐུལ་མ་ཡིན་པས། ལྟོས་ས་ལྟོས་འཇོག་གིས་ཁ་ཁོག་གཉིས་མཐུན་གྱི་དཔུང་སྡེ་ཞིག་ཡིན། ཕྱོགས་གཞན་གཅིག་ནས་བོད་མི་ཚོས་རང་ས་རང་ཡུལ་གྱི་བླ་སྤྲུལ་ཚོའི་གསུང་ཤིན་ཏུ་བརྩི་བས་སོ། དེང་སྐབས་མིག་དཔེ་རང་བཞིན་དུ་བརྗོད་ཆོག་པ་གཅིག་ནི་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ཡིན་ལ།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལ་ཆོག་མཆན་བསྩལ་བ་དང་གཞོགས་འདེགས་གནང་ནས་བཙུགས་པ་ཞིག་ཡིན།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ནང་བསྟན་སློབ་གླིང་གསར་འཛུགས་དང་དགོན་པ་ཁག་བསྐྱར་གསོའི་ལས་དོན་ཐད་སྣེ་ཁྲིད་གནང་བ་ཙམ་མ་ཡིན་པར་མི་རིགས་སློབ་གསོར་གཙིགས་འཛིན་ཆེན་པོ་གནང་ཡོད། དཔེར་ན། བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སྤྱི་ལ་ལྟ་བསྐུལ་གནང་ཡོད་པར་མ་ཟད། མིག་དཔེ་རེ་འགའ་ཡོང་སླད་སྐུ་དངོས་ཀྱིས་མཚན་འཛིན་སློབ་གཙོ་གནང་བའི་མཐོ་སློབ་ཁག་ཅིག་ཡོད་ལ།སྨྱུག་ཐོགས་པ་ནི་དེའི་ཁྲོད་ཀྱི་མཚོ་སྔོན་ཞིང་ཆེན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིང(དེང་མཚོ་སྔོན་དགེ་ཐོན་སློབ་ཆེན་ནང་བསྲེས་འདུག)ནས་བསྐྱེད་བསྲིངས་བྱས་པའི་སློབ་མའི་ཁྲོད་ཀྱི་གཅིག་ཡིན། སློབ་གླིང་འདི་དག་ནང་བོད་རྒྱ་སྐད་གཉིས་ཀྱི་དགེ་རྒན་བསྐྱེད་བསྲིངས་བྱེད་ཀྱི་ཡོད་པས། སློབ་མ་ཚོར་བོད་ཡིག་ཐད་ནས་སུམ་རྟགས། སྙན་ངག་མེ་ལོང་མ། གངས་ཅན་རིགས་བརྒྱའི་སྒོ་འབྱེད་ལས་རྩོམ་རིག་གསེར་གྱི་སྦྲམ་བུ་གདམ་ཁྲིད། གཞུང་བཀའ་པོད་ལྔའི་སྤྱི་ཁོག མཁས་འཇུག ཐུའུ་བཀྭན་གྲུབ་མཐའ། ཤེས་བྱའི་རྣམ་གྲངས་བློ་གསལ་རིགས་སྒོ། སྒྲ་རིག་པ་ལས་མཚམས་སྦྱོར་ལྔ་བ། བོད་ཀྱི་རྩོམ་བྱུང་ལོ་རྒྱུས།(འདིའི་ནང་དུས་རབས་རིམ་བྱུང་གི་བརྩམས་ཆོས་མང་ཆེ་བ་འདུས་ཡོད།) བོད་ཀྱི་ལོ་རྒྱུས། རྩོམ་འབྲིའི་ཤེས་བྱ་སོགས་ཁྲིད་ཀྱི་ཡོད་པས། རིགས་པའི་རྗེས་འབྲངས་པ་རྐྱང་བའི་དཔུང་སྡེ་ཞིག་ཡོང་ཐབས་ལ་འབད་བརྩོན་གནང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད་འདོད།

གཞན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་བོད་མི་ས་ཡ་མང་བོར་ཕྱག་དབང་བསྩོལ་ས་དང་། བོད་མི་ལས་བྱེད་ཚོར་མི་རིགས་ཀྱི་ལས་དོན་ཆེད་འབད་བརྩོན་བྱེད་དགོས་པར་བསྐུལ་མ་གནང་ཡུལ་གཉིས་ཀ་ནས“རང་གསུམ”(རང་བཀུར། རང་རློམ། རང་སྐྱོབ)ལག་བསྟར་ཏན་ཏིག་གནང་དགོས་པའི་བཀའ་སློབ་དུས་རྒྱུན་སྩོལ་བཞིན་པས། བོད་མི་དམངས་ལ་ག་ལེར་སྤོབས་པ་སླར་གསོ་བྱེད་ཐུབ་ཡོད།

བཞི་བ། ཆོས་ལུགས་རིས་མེད་དང་མི་རིགས་དབྱེར་མེད་ཐུགས་སུ་བཏགས་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ།

གོང་དུ་ཟུར་ཙམ་གླེང་ཟིན་པ་བཞིན་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་ས་དགེ་བཀའ་རྙིང་འདུ་བའི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་བརྒྱུད་འཛིན་པ(གཙོ་ཤུགས་བོད་སོག་གཉིས་ཀ་ཡིན)དག་གསོ་སྐྱོང་གནང་བཞིན་པར་མ་ཟད། སྒོ་བཞི་མཛོད་ལྔའི་བདག་ཉིད་དུ་གྱུར་བའི་གཡུང་དྲུང་བོན་གྱི་བརྒྱུད་འཛིན་པ་དག་ཀྱང་བསྐྱེད་བསྲིངས་གནང་ཡོད། དེ་མཚུངས་སུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་རྒྱ་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་དག་ལའང་རབ་དང་རིམ་པར་མཇལ་འཕྲད་གནང་ནས་ཕན་ཚུན་བར་དགོངས་ཚུལ་བརྗེ་རེས་གནང་ཡོད་པས། དེང་སྐབས་རྒྱ་ནག་ནང་བོད་ཀྱི་ཆོས་རིག་དར་སྤེལ་ལ་འགོག་རྐྱེན་ཆེར་འཕྲད་ཀྱི་མེད་དོན་ཡང་མཛད་པ་དེ་རིགས་ལ་ཐུག་ཡོད་ཅེས་ཞུ་ཆོག

མདོ་སྨད་ཡ་རྫི་ནི་ཁ་ཆེ་ཆོས་ལུགས་ལ་དད་པའི་ཟ་ལར་རིགས་ཀྱི་མི་འབོར་ཆེས་མང་བོའི་རྫོང་ཞིག་ཡིན། “རིག་གསར”སྐབས་སུ་ཟ་ལར་རིགས་ཀྱི“ཁ་ཆེ་གསུང་རབ”བོར་བརླག་ཏུ་ཕྱིན་པ་པེ་ཅིན་དུ་ཡོད་པའི་མི་རིགས་རིག་དངོས་བཤམས་སྟོན་ཁང་ནང་ཡོད་པ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མཁྱེན་ཡོད་པས། ལམ་སེང་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་བ་བྱས་ཏེ་གསུང་རབ་དེ་བཞིན་ཕྱིར་ཟ་ལར་རིགས་ལ་སྤྲད་པ་དང་ཁ་ཆེ་ཡི་ལྷ་ཁང་ཞིག་ཀྱང་བརྩིགས་པར་ཆོག་མཆན་སྤྲད་ཡོད། ཟ་ལར་རིགས་ཀྱིས“ང་ཚོའི་བླ་མ”(ཁོང་གི་འཁྲུངས་ཡུལ་ཡང་ཡ་རྫི་བིས་མདོ་ཡིན) ཞེས་འབོད་ཀྱིན་པར་བཤད། འདི་ནི་བོད་ཀྱི་ཁ་དཔེར། མི་སེམས་གསོ་ན་ཁབ་དང་སྐུད་པ་ཟེར་བའི་བསྡུས་གཟུགས་ཤིག་ཅིས་མ་ཡིན།

ད་དུང་ཤར་ཏིར་ཀི་སི་ཐན(ཤིན་ཅང)དང་གྲངས་ཉུང་མི་རིགས་གཞན་དག་ཁྲོད་དུའང་གཟིགས་བསྐོར་དང་ལམ་སྟོན། ཆོས་དད་རང་དབང་གི་སྲིད་ཇུས་དོན་འཁྱོལ་བཅས་ཀྱི་ཐད་མཛད་རྗེས་གང་མང་བཞག་ཡོད་པའི་ཁར། ཡེ་ཤུའི་ཆོས་ལུགས་ལའང་རྒྱུས་ལོན་དང་ཉམས་མྱོང་ལ་སློབ་སྦྱོང་གནང་འདུག དཔེར་ན། ཕྱི་རྒྱལ་གྱི་མགྲོན་ཁང་རེ་རེ་ནང་ཡེ་ཤུའི་གསུང་རབ་རེ་བཞག་ཡོད་པས། ང་ཚོས་ཀྱང་མ་འོངས་པར་པེ་ཅིན་སོགས་སུ་མགྲོན་ཁང་གཉེར་ནས་མགྲོན་ཁང་རེ་རེ་ནང་འཕགས་པ་བརྒྱ་སྟོང་བ་རེ་འཇོག་འོས་ཞེས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་ཉེ་འཁོར་ཚོར་གསུངས་འདུག

དེ་མཚུངས་སུ་དེང་སྐབས་བརྙན་ཐུང་ཞིག་མཐོང་རྒྱུ་ཡོད་པའི་ནང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གིས་མི་རིགས་མཐུན་སྒྲིལ་ལ་དབྱེ་ན་རྒྱ་བོད་མི་རིགས་མཐུན་སྒྲིལ་དང་དེའང་རྒྱ་རིགས་ཚོ་ང་ཚོའི་དཔོན་པོ་ཡིན་མདོག་མདོག་མ་ཡིན་པར་འདྲ་མཉམ་དགོས།  དེ་མིན་བོད་པ་དང་མི་རིགས་ཆུང་བ་གཞན་ཁག་གི་མཐུན་སྒྲིལ། དཔེར་ན། ལྷོ་བ། གློ་བ། བོད་པ་ཁ་ཆེ། གཞན་བོད་པ་ནང་ཁུལ་གྱི་མཐུན་སྒྲིལ་ཧ་ཅང་གལ་ཆེ་ཞེས་ཏན་ཏིག་གིས་གསུངས་ཡོད།

ལྔ་བ། རྒྱ་ནག་དམར་ཤོག་གཞུང་གི་མིག་ནང་མ་ཤོང་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ།

དྲང་མོར་བཤད་ན། དབང་བསྒྱུར་བྱེད་རྒྱུ་ཁོ་ན་ལས་འདྲ་མཉམ་ཟེར་བ་གླེང་ཤེས་པ་ཙམ་དང་། མཉམ་སྐྱིད་མཉམ་འཕེལ་གྱི་བསམ་བློ་ཏིལ་འབྲུ་ཙམ་ཡང་མེད་མཁན་གྱི་དབང་བསྒྱུར་བའི་སྡེ་ཞིག་ལ་མཚོན་ན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་མཛད་པ་དག་བློ་ངོར་ཤོང་དཀའ་བའང་ཁག་མི་འདུག དཔེར་ན། ཆབ་སྲིད་ཐད་ནས་ཁོང་གིས་ཕྱི་ལོ༡༩༨༧ལོར་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚན་བགོས་བགྲོ་གླེང་སྐབས། “‘བོད་ཁུལ་རང་སྐྱོང’འཛུགས་རྒྱུ་ནི་ཁྲིམས་མཐུན་ལུགས་མཐུན་ཞིག་ཡིན་པར་མ་ཟད། རྒྱ་ཆེ་བོད་རིགས་མི་དམངས་ཀྱི་བསམ་འདུན་དང་མཐུན་པས། འདི་ན་ལོག་སྤྱོད་དང་རྐང་རྗེས་ལག་སུབ་ཟེར་བ་ཞིག་མེད”ཅེས་གསུངས་ཡོད། དེ་ནི་སྐབས་དེའི་གྲངས་ཉུང་མི་རིགས་ཀྱི་དཔོན་རིགས་ཤིག་ཕར་ཞོག་ཐ་ན་རྒྱ་དཔོན་ཞིག་ལའང་དེ་ལྟར་བཤད་པའི་སྤོབས་པ་རྩ་བ་ཉིད་ནས་མེད། གལ་ཏེ“སེམས་དཔའ”ཟེར་བ་ཞིག་བཙལ་དགོས་ན་ཁོང་ནི་སེམས་དཔའ་གསོན་པོ་ཞིག་མ་རེད་དམ།

ཤེས་རིག་དང་ཆོས་ལུགས་ཀྱི་ཆ་ནས་ཁོང་གིས་རུ་འདྲེན་གནང་བཞིན་པའི“ཤེས་རིག་བསྐྱར་དར”དང“བསྟན་པ་ཡང་དར”ལས་འགུལ་དེ་བཞིན“རིག་གནས་རང་སྐྱོང”གི་ངོ་བོར་འཕེལ་བཞིན་ཡོད། དཔེ་མཚོན་ཙམ་ཞུས་ན། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ལས་འཆར་ཁྲོད་སློབ་ཆུང་ནས་སློབ་ཆེན་བར་དུ་བོད་ཡིག་རྐྱང་བ་དང་། བོད་ཡིག་ནང་སྒྲ་སྡུད་འཕྲུལ་ཆས་དང་ཆུ་ཚོད་འཁོར་ལོ། འཕྲུལ་ཆས་རིགས་ཞིག་གསོ་འདུ་བའི་ལག་རྩལ་སྦྱོང་བརྡར་སྤྲོད་རྩིས་གནང་ཡོད། དེ་ནི་རྒྱ་དམར་གཞུང་གིས་གྲངས་ཉུང་མི་རིགས་ལ་སྤྲོད་ཀྱིན་བའི“དབང་བོ་སྐྱོན་ཅན་ལྟ་བུའི་གཞན་བརྟེན་སློབ་གསོ”དེར་ཐབས་ཀྱིས་ཕར་རྒོལ་བྱེད་ཐེངས་དང་པོ་ཡིན་ལ། བོད་མི་ཚོ་མི་རེ་ངོ་རེ་རང་རྐྱ་འཕེར་བའི་མི་ཞིག་འཁྱོངས་རྗེས་གཞན་ལ་ཆེར་བརྟེན་མ་དགོས་པར་དམིགས་ཡོད།

དཔལ་འབྱོར་གྱི་ཐད་ནས་དང་ཐོག་དགོན་པ་ཁག་གི་རང་ཁ་རང་གསོར་དམིགས་པའི“བོད་གངས་རྒྱན་སྤྱི་བསྡོམས་དར་སྤེལ་མཐུན་གཉེར་ཁང”བཙུགས་པ་ནི་བོད་ཀྱི་ལོ་རྒྱུས་ནང་རྒྱལ་མཚམས་བརྒལ་བའི་སྒེར་བཙུགས་མཐུན་གཉེར་ཁང་ཆེས་ཤོས་དེ་ཡིན་པར་མ་ཟད། སྐབས་དེའི་རྒྱ་ནག་ནང་དུའང་རྒྱལ་མཚམས་བརྒལ་བའི་དམངས་གཉེར་མཐུན་གཉེར་ཁང་ཆེས་ཤོས་ཐོག་མ་ཆགས་ཡོད་པས། འབྱུང་འགྱུར་བོད་མིའི་རང་ཁ་རང་གསོར་བསྐུལ་འདེད་གཏོང་ཐུབ་པའི་མིག་དཔེ་དང་། རྒྱ་ནག་གི་དམངས་གཉེར་ཁེ་ལས་དར་འཕེལ་ལའང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་ཐུབ་པར་རེ་བ་ཆེན་པོ་ཡོད། ཡིན་ནའང་། ཕྱིས་སུ་རྒྱ་ནག་དམར་ཤོག་གཞུང་གིས་ལམ་འགྲོ་བྱུང་བཅུག་མེད།

ལར་ནས་རྒྱ་དམར་གཞུང་གི་རྒས་འཁོགས་དཔོན་རིགས་ཏིང་ཞའོ་ཕིང་སོགས་ཀྱི་མིག་ལམ་དུ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གནང་སྟངས་མཐའ་དག་དམར་ཤོག་གིས་བོད་ལ་དབང་བསྒྱུར་གྱི་ཉེན་ཁར་མཐོང་ཡོད་པས། སྐབས་དེའི་རྒྱ་དམར་དབུས་གཞུང་གི་གཞུང་ལས་ཁང་གི་འགན་འཛིན་དང་དྲུང་ཡིག་ཁང་གི་རྗེས་འདེམས་རྒྱུན་ལས་ཝུན་ཅ་པོ་དང་བོད་རང་སྐྱོང་ལྗོངས་ཀྱི་དྲུང་ཆེ་ཧུའུ་ཅིན་ཐོ་གཉིས་འགན་འཛིན་མི་སྣར་བསྐོས་ཏེ“པཎ་ཆེན་དམིགས་བསལ་ཐག་གཅོད་ཇུས་གཞི”ཟེར་བ་རིམ་པས་ལག་བསྟར་གྱིས་ཕྱི་ལོ༡༩༨༩ལོའི་ཟླ༡ཚེས༢༨ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དངོས་སུ་བཀྲོངས་ཡོད་པ་རེད། ཞིབ་ཕྲ་ཤེས་བསམ་མཁན་ཚོས་མཁས་དབང་ཡན་ཧོང་པེན་དང་སྨྱུག་ཐོགས་པ་མཉམ་རུབ་ཀྱིས་རྒྱ་ཡིག་ནང་བྲིས་པའི《སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ》ལ་གཟིགས་རོགས།

མཇུག་བསྡུ་བའི་གཏམ།

མཚན་འཛིན་སློབ་གཙོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་རྩོམ་ཡིག་འདི་བྲིས་ནས་མཚམས་འདིར་སླེབས་སྐབས། ཞུ་འདོད་པ་ནི་ལོ་རྒྱུས་ལ་ཞིབ་འཇུག་ཡིན་ནའང་འདྲ། མི་སྣ་གང་རུང་ལ་རྗེས་དྲན་ཡིན་ནའང་ཆོག ཆ་ཚང་འདས་ཟིན་པར་ཕྱི་མིག་དང་སྤྱི་བསྡོམས་ཀྱི་འཚོལ་སྙེག་ཡིན་པས། བྱས་པར་ཡི་རངས་དང་དེ་ལས་ཉམས་མྱོང་ལེན་པ། མཉམ་རུབ་མ་ཐུབ་པའམ་སྐབས་ཐོག་ལ་ལར་གོ་བ་མ་ལོན་སར་ཡོ་བསྲང་། ལོ་རྒྱུས་ཀྱི་བྱུང་བའམ་མི་སྣ་གང་རུང་གི་མ་འདང་ས་མཐོང་ན་དེ་ལ་བསྐྱར་ལོག་མི་བྱེད་པའམ། གཟབ་བྱར་ལེན་པ་བཅས་ཀྱི་ཆེད་དུ་ཡིན་པ་ལས་སྐྱེ་བོ་སུ་དང་གང་ཞིག་ལ་ཆེད་བསྟོད་དམ། སྐྱོན་བརྗོད་གང་རུང་གཅིག་པུ་ཙམ་མིན་པ་ཚང་མས་མཁྱེན་དགོས་ལ། ལག་ལེན་ནང་དེ་ལྟར་གནང་གལ་ཆེ་བའང་རིགས་པའི་རྗེས་འབྲངས་པར་བརྩོན་བཞིན་པར་ཐུག་ཡོད།

དེ་མཚུངས་སུ་ཞུ་འདོད་པ་གཞན་ཞིག་ནི་ལོ་ཤས་རིང་བཙན་བྱོལ་སྤྱི་ཚོགས་ནང་དུ་སྔར་ཕྱི་ལོ༡༩༨༦ལོར་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་བལ་ཡུལ་ནང་འཚམས་གཟིགས་ལ་ཕེབས་སྐབས། བཙན་བྱོལ་བོད་པ་ཁག་ཅིག་གིས་དར་ནག་འཕྱར་ནས་ངོ་རྒོལ་བྱས་ཡོད་མེད་ཀྱི་རྩོད་གཞི་ཞིག་འགྲོ་བཞིན་པ་དེ་ཡིན། དེ་ལ་བཀའ་ཟུར་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་མཆོག་ནས་ལྗགས་ལན་སྟབས་བདེ་ཞིག་རང་རྣམ་ནང་བཀོད་འདུག་པ་འདི་ལྟར། “ཁོ་བོས་ཀུན་གཟིགས་རིན་པོ་ཆེར་བར་ལམ་བལ་ཡུལ་དུ་ཞབས་སོར་འཁོད་སྐབས་གཞན་དབང་སྟབས་བསྟུན་གྱིས་རྐྱེན་པས་བལ་ཡུལ་དུ་གནས་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་ལ་ཞབས་འདེགས་འདོད་བློ་ཁེངས་པ་ཞུ་མ་ཐུབ་པར་ཚང་མར་རང་བཞིན་གྱི་བློ་ཕམ་བྱུང་ཡོད་ཀྱང༸གོང་ས་མཆོག་གིས་བཀའ་བློན་ཕྱག་རོགས་ཨ་ལགས་འཇིགས་མེད་ཆེད་བརྫོང་གིས་འཚམས་ཞུར་ཕེབས་པ་ལྟར་རིན་པོ་ཆེ་མཆོག་ནས་བཀའ་སློབ་ཟབ་རྒྱས་གནང་བར༸གོང་ས་མཆོག་ནས་དགྱེས་མཉེས་ཆེན་པོ་གནང་གི་འདུག་ཅེས་ཞུས”(དེབ༣ཤོག་ལྷེ༢༧༦ནས༢༧༧)ཞེས་བཀོད་པས། ཚིག་འགྲོས་ལས་མཐོང་བ་ནི་བློ་ཕམ་བྱུང་བྱེད་ཅིག་བྱུང་ཡོད་པ་དང་དེ་ལ་དགོངས་དག་ཞུས་པའི་ཁུལ་ཡིན་པ་གསལ་ཡོད་སྟབས་བྱུང་ཟིན་པ་དག་མི་སྒེར་སོ་སོར་དག་ཐེར་གྱི་མེ་ལོང་ཡིན་པ་ལྟར་ལོ་རྒྱུས་ལས་བསླབ་བྱ་ལེན་གལ་ཆེ་བ་ནི་ཧ་ཅང་གི་ཁ་ཚ་དགོས་གཏུག་ཅིག་ཆགས་ཡོད།

བརྒྱ་བཤད་ཚིག་གི་རྩ་བ། སྟོང་བསུབ་འོ་མའི་མར་ལོ་གང་ཡིན་ཞེ་ན། གོང་དུ་སྨྱུག་ཐོགས་པས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་མི་ཡུལ་དང་བྲལ་ནས་དུས་ཡུན་རིང་བོ་འགོར་ནའང་བོད་མི་དམངས་ཀྱི་སེམས་ཁོང་དུ་ད་དུང་ཡང་གསལ་ལྷམ་མེར་བཞུགས་དོན་ཅི་ཡིན་ཐད་བརྡར་ཤ་གཅོད་ཨེ་ཐུབ་འབད་བརྩོན་བྱས་ཡོད་པའི་ཁུལ་ཡིན། གལ་སྲིད་ཀློག་མཁན་ལྷན་རྒྱས་དེ་དོན་ངོ་འཕྲོད་མ་ཐུབ་པ་ཡིན་ན་ལྗགས་ཀློག་ཐད་ཆུ་ཚོད་འཕྲོ་བརླག་ཏུ་བཏང་བར་དགོངས་དག་ཞུས་པ་ཡིན།

ཕྱི་ལོ༢༠༡༩ལོའི་ཟླ༡ཚེས༢༡ཉིན་སི་ཊ་སི་སྦག་ནས་རྩོམ་མཇུག་བསྡུས།

Share this:
༤༨༥ ཀློག་གྲངས།