ཤེས་ཡོན་གྱི་ནུས་སྟོབས་དང་མདུན་ལམ་ལམ་སྟོན།

ཟླ་འདིའི་ཚེས་༢༦ ཉིན་སྦེང་ལོར་ས་གནས་བོད༌ཀྱི༌གཞོན་ལྷན་གྱི་གོ་སྒྲིག་འོག ཤེས་ཡོན་གྱི་ནུས་སྟོབས་དང་མདུན་ལམ་ལམ་སྟོན་ཞེས་པ་ཞིག་ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་འཚོགས་ཡོད་པ་རེད།

དེ་ཡང་ས་གནས་གཞོན་ནུའི་ཚོགས་ཟུར་དཀོན་མཆོག་རིན་ཆེན་གྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན།  ཤེས་ཡོན་གྱི་ནུས་སྟོབས་དང་མདུན་ལམ་ལམ་སྟོན་དེ་ནི་སླེབ་ལ་ཉེ་བའི་འཛིན་གྲྭ་བཅུ་གཉིས་དང་བཅུ་གཅིག་པའི་ཆེད་དུ་ཡིན་པ་དང་། སློབ་མ་༣༥༠ ལྷག་མཉམ་ཞུགས་བྱས་ཡོད་འདུག

སྐབས་དེར་སྦེང་ལོར་ས་གནས་གཞོན་ནུའི་ཚོགས་གཙོ་ཟུར༌པ་དང་ཁྲིམས་ལུགས་སློབ་མ་དཀོན་མཆོག་རིན་ཆེན་གྱིས་བོད་ཀྱི་གནས་བབ་དང་བོད་ཀྱི་འཐབ་རྩོད་ཀྱི་ཆེད་སོ་སོ་མཐོ་སློབ་ཏུ་ཕྱིན་ཏེ། ལག་ཁྱེར་ཐོབ་པ་བྱེད་པའི་ཐོག་ནས་མ་འོངས་པར་བོད་ཀྱི་གནས་བབ་དང་འཐབ་རྩོད་དེ་འཛམ་གླིང་གི་སྡིངས་ཆའི་སྒང་ལ་སླེབ་ཐུབ་ཅིང་གནས་ཐུབ་པ་བྱ་དགོས་ཚུལ་དང་། དེ་བཞིན་ང་ཚོ་སྐྱབས་བཅོལ་ཡིན་ཞེས་གཉའ་ཞུམ་བཞིན་སྡོད་ཀྱི་ཡོད་ཀྱང་། རྒྱ་གར་ནི་གང་ཟག་བྱེ་བྲག་པའི་དབང་བསྒྱུར་མིན་པར་ཁྲིམས་ཀྱི་དབང་བསྒྱུར་ཡིན་པར་བརྟེན། མཐོ་སློབ་ནང་སོགས་གནས་ཚུལ་ག་རེ་བྱུང་ཡང་ཁྲིམས་ཀྱི་ཐོག་ནས་དོན་དག་སེལ་བའི་ཐབས་ལམ་ཡོད་སྐོར་གསུངས་པ་དང་། དེ་བཞིན་༢༠༡༨ ལོར་འཛིན་གྲྭ་བཅུ་གཉིས་ནང་གི་བརྒྱ༌ཆ༌༩༦ ལྷག༌ལེན་ཐུབ༌མཁན་དང་སྦེང་ལོར་མཐོ་སློབ་ཀྱི་སློབ་མ་ཟླ་བ་ལྷ་མོས་མོ་རང་གི་ཉམས་མྱོང་ཐོག་ནས་ཡིག་ཚད་སྦྱོང་བའི་སྐབས་སུ་སློབ་ཕྲུག་ཕན་ཚུན་བར་རོགས་པ་བྱེད་ཐབས་དང་། དེ་བཞིན་དུས་ཚོད་དམ་འཛིན་དང་དམིགས་ཡུལ་གལ་ཆེ་སྐོར་གསུངས་འདུག

སྦེང་ལོར་མཐོ་སློབ་ཀྱི་སློབ་མ་སྐལ་བཟང་གིས་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་མ་འོངས་པར་མཐོ་སློབ་ལ་འགྲོ་སྐབས་མི་རིགས་ཀྱི་འཐབ་རྩོད་ཐད་འགན་གང་འདྲ་བྱས་ནས་འཁུར་དགོས་མིན་དང་། ཚོགས་པ་གཞན་དང་མཉམ་དུ་འབྲེལ་ཏེ་བོད་དོན་དང་བོད་ཀྱི་འཐབ་རྩོད་འཛམ་གླིང་སྡིངས་ཆའི་ཐོག་ཇི་ལྟར་སྐྱེལ་དགོས་སོགས་ཀྱི་སྐོར་གསུངས། སྦེང་ལོར་མཐོ་སློབ་ཀྱི་སློབ་མ་དྷརྨ་སྐྱབས་དང༌སྐལ༌བཟང༌བཀྲ༌ཤིས༌ནས་ཤེས་ཡོན་རང་གི་ཐོག་ནས་སློབ་ཡོན་མང་པོ་ཞིག་རག་གི་ཡོད་པ་དང་། དེ་དག་གི་གོ་སྐབས་གང་ནས་རག་པ་དང་ཇི་ལྟར་ལེན་དགོས་མིན་གྱི་སྐོར་གསུངས་པ་དང་དང་། དྲི་བ་དྲི་ལན་གནང་ཡོད་འདུག གཏམ་བཤད་གྲོལ་རྗེས་སློབ་ཕྲུག་ཚོས་དེ་རིང་གི་གཏམ་བཤད་འདིས་ཁོང་ཚོར་ཕན་ཐོགས་ཆེན་པོ་བྱུང་སྐོར་བརྗོད་འདུག་ལ། དེ་བཞིན་བོད་གཅིག་གི་འབོད་སྒྲའི་ཐོག་ནས་ཆོལ་ཁའི་ཞེན་ཁོག་བྱེད་རྒྱུ་མེད་ཚུལ་དང་མཐོ་སློབ་སྐྱོད་རྒྱུ་དང་དཔེ་ཀློག་གལ་ཆེ་ཚུལ། གཞན་ཡང་ལ་དྭགས་གཡས་གཡོན་གྱི་གྲོགས་པོ་རྣམས་ལ་ཚོང་ལས་དང་བཟོ་གྲྭ་ཆུང་ཆུང་གཉེར་རྒྱུའི་ཐབས་ལམ་སོགས་ཀྱི་སྐོར་གཏམ་བཤད་དང་དྲི་བ་དྲི་ལན་བཅས་གནང་ཡོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༨༠༡ ཀློག་གྲངས།