བྱང་ཨ་རིར་པཎ་ཆེན་རིན་པོ་ཆེར་རྗེས་དྲན་བགྲོ་གླེང་འཚོགས་པ།

ཟླ་འདིའི་ཕྱི་ཚེས་༢༦ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ།  བྱང་ཨ་རིའི་པཎ་ཆེན་རྗེས་དྲན་ཚོགས་ཆུང་ནས་གོ་སྒྲིག་ཞུས་པའི་༧པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་ནས་ལོ་ངོ་ཧྲིལ་པོ་༣༠ འཁོར་བའི་རྗེས་དྲན་གྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་རེད།

བགྲོ་གླེང་ཐོག་གཏམ་བཤད་གནང་མཁན་ཨ་རིའི་སྐུ་ཚབ་དོན་དངོས་གྲུབ་ཚེ་རིང་དང་། ཨ་ཀྱ་རིན་པོ་ཆེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྒྱལ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་། དོན་གཅོད་ཟུར་པ་རིན་ཆེན་དར་ལོ། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ། རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས། ཁྲིམས་རྩོད་པ་བླ་མ་སྐྱབས་བཅས་ཀྱིས་པཎ་ཆེན་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཐོག་ཕྱག་ལས་གནང་བའི་སྐོར་དང་། ཡིག་འབྲུ་ཁྲི་བདུན་ཅན་གྱི་སྙན་ཞུ་རྒྱ་ནག་གཞུང་ལ་ཕུལ་བ། རྒྱ་ནག་གི་བཙོན་དུ་ཚུད་སྐོར། པཎ་ཆེན་རིན་པོ་ཆེས་བོད་མི་མང་ལ་སློབ་གསོ་གནང་བའི་སྐོར་ལ་དོ་སྣང་དང་ལག་ལེན་དགོས་སྐོར་གླེང་སློང་བྱས་ཡོད་པ་རེད།

དགོང་མོ་དེར་རྗེས་དྲན་གྱི་མཛད་སྒོ་དངོས་གཞི་འཚོགས་པ་དང་། དེར་གནད་མི་སྣས་གཏམ་བཤད་དང་། རྗེས་དྲན་དང་འབྲེལ་བའི་གླུ་གཞས་འཁྲབ་སྟོན་བྱས་ཡོད་པ་རེད།

དེ་བཞིན་༧གོང་ས་མཆོག་གིས་པཎ་ཆེན་རིན་པོ་ཆེ་རྗེས་དྲན་གྱི་གསུང་འཕྲིན་གནང་བའི་ནང་། “ང་ཚོ་བཙན་བྱོལ་དུ་སྡོད་རིང་པཎ་ཆེན་རིན་པོ་ཆེ་བོད་ནང་དུ་བཞུགས་ཐུབ་ན་ཕན་ཐོགས་ངེས་ཅན་ཡོང་རྒྱུ་ཡིན་ཡང་། ཁོང་ཉིད་མཛད་འཕྲིན་ཧ་ཅང་རྒྱས་བཞིན་པའི་སྐབས་གློ་བུར་དུ་དགོངས་པ་མྱ་ངན་ལས་འདས་པ་ནི། བོད་འབངས་སྤྱི་སྒོས་བསོད་ནམས་ཀྱིས་མ་འཆུན་པས་དེ་ལྟར་བྱུང་བ་རེད་”ཅེས་སོགས་འཁོད་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

 

Share this:
༩༥༩ ཀློག་གྲངས།