ཨེ་སི་སི་འཇིགས་སྐུལ་ཚོགས་པས་དྲག་རྒོལ་བྱས་འདུག

ཨེ་སི་སི་འཇིགས་སྐུལ་ཚོགས་པས་ཡེ་ཤུ་ཁེ་ཐོ་ལེག་ལྷ་ཁང་ཞིག་ཏུ། འབར་རྫས་ཀྱི་དྲག་རྒོལ་བྱས་ཏེ་མི་གྲངས་༢༠ བསད་པ་དང་།  ༡༠༠ ལས་མང་བར་རྨས་སྐྱོན་བཟོས་འདུག

ཟླ་༡ པོའི་ཚེས་༢༧ ཉིན་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལི་པེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཇཱོ་ཇཱོ་གླིང་ཕྲན་དུ། ཡེ་ཤུ་ཁེ་ཐོ་ལེག་ཆོས་ལུགས་རྗེས་འབྲངས་པ་རྣམས་ལྷ་ཁང་དུ་ཆོས་ལུགས་བྱེད་སྒོ་ལ་འཇུག་བཞིན་པའི་སྐབས་སུ། ཐོག་མར་ལྷ་ཁང་ནང་དུ་འབར་གས་བྱུང་ཡོད་པ་དང་། དེའི་རྗེས་སུ་ལྷ་ཁང་གི་སྒོའི་ཕྱི་ལོགས་སུ་འབར་གས་བྱུང་ནས། དེ་གཉིས་ཀྱིས་མི་གྲངས་༢༠ བསད་འདུག་པ་དང་། ༡༠༠ ལས་མང་བར་རྨས་སྐྱོན་བཟོས་འདུག

ཁ་ཆེ་འཇིགས་སྐུལ་རིང་ལུགས་ཚོགས་པ་ཨེ་སི་སི་ཡིས་བསྒྲགས་གཏམ་ཞིག་སྤེལ་ནས། དྲག་རྒོལ་དེའི་འགན་ལེན་བྱས་འདུག་པ་དང་། དེ་ཡང་རང་མེད་གཞན་མེད་འབར་གས་མཁན་གཉིས་ཀྱིས་དྲག་རྒོལ་སྤེལ་བ་ཡིན་སྐོར་བརྗོད་འདུག

དེ་ཡང་ཧྥི་ལི་པེན་རྒྱལ་ཁབ་དེའི་མི་མང་ཕལ་ཆེ་བ་ཡེ་ཤུ་ཆོས་ལུགས་པ་ཡིན་ཡང་། ལྷོ་ཕྱོགས་ཁུལ་དུ་ཁ་ཆེ་ཆོས་ལུགས་པ་མང་མོས་ཡིན་རྐྱེན། ཁུལ་དེའི་ཁ་བྲལ་གྱེན་ལངས་ཤོག་ཁག་དང་གཞུང་གི་དམག་མི་བར་ལོ་ངོ་མང་པོའི་རིང་འཐབ་རྒོལ་བྱས་ཏེ། ད་བར་མི་གྲངས་༡༢༠,༠༠༠ ལས་མང་བའི་ཚེ་སྲོག་ཤོར་ཡོད་འདུག་པས། བདུན་ཕྲག་སྔོན་མའི་ནང་གཞུང་གིས་ལོ་མང་རིང་གི་འཐབ་རྒོལ་དེ་མཇུག་བསྒྲིལ་ཆེད་དུ། ཁུལ་དེར་རང་སྐྱོང་གི་གནས་བབ་དགོས་མིན་ཐད་མང་མོས་འོས་བསྡུ་ཐག་གཅོད་གཅིག་གོ་སྒྲིག་བྱས་འདུག འོས་བསྡུ་དེ་ཡང་གཞུང་དང་ཁ་བྲལ་གྱེན་ལངས་ཤོག་ཁག་གཉིས་བར་གྱི་ཞི་བའི་གྲོས་མོལ་གྱི་མཇུག་འབྲས་ཡིན་འདུག

འོས་བསྡུའི་གྲུབ་དོན་དུ་ཁུལ་དེར་རང་སྐྱོང་གི་གནས་བབ་ཡོང་རྒྱུར་རྒྱབ་སྐྱོར་ཐོབ་ཡོད་ཀྱང་། ཐེངས་འདིར་དྲག་རྒོལ་སྤེལ་ཡུལ་གྱི་གླིང་ཕྲན་དེ་ཆགས་ཡུལ་གྱི་ཞིང་ཆེན་མི་མང་གིས། འོས་བསྡུའི་གྲུབ་དོན་དེར་ངོས་ལེན་བྱས་མི་འདུག་པས། དྲག་རྒོལ་བྱེད་དགོས་དོན་ཡང་དེ་ཡིན་འདུག

ཁ་ཆེའི་རྒྱལ་ཁབ་༥༧ གྱི་ལྷན་ཚོགས་ཀྱིས་དྲག་རྒོལ་དེར་སྐྱོན་བརྗོད་བྱས་འདུག་པ་དང་། ཁེ་ཐོ་ལེག་གི་བླ་དཔོན་གྱིས་དྲག་རྒོལ་སྤེལ་མཁན་རྣམས་ལ་སྐྱོན་བརྗོད་དང་ཐབས་ལམ་འགྱུར་བ་གཏོང་དགོས་སྐོར་བརྗོད་ནས། ཚེ་སྲོག་ཤོར་མཁན་དང་རྨས་སྐྱོན་ཕོག་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

 

Share this:
༢༡༣༩ ཀློག་གྲངས།