ཨ་རིའི་གསང་བའི་ལས་ཁུངས་ཁག་དང་ཊོམ་བར་ལྟ་ཚུལ་མཐུན་གྱི་མེད་འདུག

ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྙན་ཐོ་ལ་གཞིགས་ན། ཨུ་རུ་སུ་དང་བྱང་ཀོ་རི་ཡ། དེ་བཞིན་ཨི་རན་སོགས་ཀྱི་ཐོག་ལ། ཊོམ་གྱིས་འཛིན་བཞིན་པའི་ལྟ་བ་རྣམས་ནོར་བ་ཡིན་འདུག དེ་ཡང་འདས་པའི་ལོ་གཉིས་རིང་ཊོམ་དང་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་བར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཛིན་པའི་ལྟ་ཚུལ་མི་མཐུན་པའི་རྣམ་པ་བསྟུད་མར་ཕྱིན་ཐོན་ཡོད་ཀྱང་། ཐེངས་འདིར་ཕྱོགས་གཉིས་བར་གྱི་མི་མཐུན་པའི་ལྟ་ཚུལ་དེ་ཤུགས་ཆེན་པོ་ཕྱིར་མངོན་ཡོད་འདུག དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་ལ་གསང་བའི་ཐོག་ནས་ཤུགས་རྐྱེན་སྤྲོད་ཐབས་བྱེད་སྲིད་སྐོར་བརྗོད་འདུག

ཟླ་༡ པོའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གསང་བའི་ལས་ཁུངས་ཁག་གི་འཛམ་གླིང་ནང་ཨ་རིའི་བདེ་འཇགས་ལ་འཕྲད་བཞིན་པའི་ཉེན་ཁ་ཁག་གི་སྙན་ཐོའི་ཐོག གྲོས་ཚོགས་གོང་མའི་ནང་ཉན་ཞིབ་བྱས་སྐབས། ཨ་རིའི་སྲིད་འཛིན་ཊོམ་གྱིས་ཨི་རན་དང་བྱང་ཀོ་རི་ཡ། ཨུ་རུ་སུ། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐོག་ལ་འཛིན་བཞིན་པའི་ལྟ་ཚུལ་དང་། གསང་བའི་ལས་ཁུངས་ཁག་གི་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་གཉིས་བར་འགལ་ཟླ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག

ལོ་སྔོན་མའི་ནང་ཊོམ་གྱིས་སི་རི་ཡ་དང་ཨི་རག་ནང་དུ་བཙན་འཛུལ་བྱེད་མཁན་ཨེ་སི་སི་འཇིགས་སྐུལ་ཚོགས་པ་ཕམ་ཉེས་བཏང་ཟིན་པས། ཨ་རིའི་དམག་མི་རྣམས་ཕྱིར་ལོག་བྱེད་རྒྱུའི་དུས་ལ་སླེབས་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་དང་། ཊོམ་གྱི་འཛིན་སྐྱོང་ནང་གི་མཐོ་རིམ་ཁག་ཚོས་ཀྱང་ཨེ་སི་སིའི་དབང་ཤུགས་དང་ཉེན་ཁ་མེད་པའི་སྐད་ཆ་མང་པོ་བཤད་ཡོད་ཀྱང་། ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་འཇིགས་སྐུལ་ཚོགས་པ་དེའི་འོག་ཏུ་ད་དུང་ཡང་དམག་མི་སྟོང་ཕྲག་མང་པོ་ཡོད་ཁར། བསྐྱར་ལངས་བྱེད་རྒྱུའི་བསམ་བློ་འཛིན་བཞིན་ཡོད་པས། མུ་མཐུད་ནས་སི་རི་ཡ་དང་ཨི་རག དེ་བཞིན་མངའ་ཁུལ་གྱི་རྒྱལ་ཁབ་དང་ཨ་རི་གཙོས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་དྲག་རྒོལ་བྱེད་པའི་ངེས་པ་ཆེན་པོ་ཡོད་ཁར། སི་རི་ཡ་དང་ཨི་རག་ནང་མུ་མཐུད་ནས་དབང་ཤུགས་གནས་ཡོད་པས། ཉེན་ཁ་ཡིན་སྐོར་བརྗོད་འདུག

དེ་བཞིན་ལོ་སྔོན་མར་ལོ་རྒྱུས་རང་བཞིན་ལྡན་པའི་སྲིད་འཛིན་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ཇོང་ཨན་གཉིས་བར་གྱི་ཐུག་འཕྲད་རྗེས་སུ། ཊོམ་གྱིས་བྱང་ཀོ་རི་ཡ་ནས་རྡུལ་མཚོན་གྱི་ཉེན་ཁ་མེད་པའི་གནས་སྟངས་ཆགས་ཡོད་སྐོར་བརྗོད་པ་དང་། དེའི་རྗེས་སུ་བྱང་ཀོ་རི་ཡ་དང་རྡུལ་མཚོན་རྩ་མེད་གཏོང་བའི་གྲོས་མོལ་མུ་མཐུད་འགྲོ་བཞིན་ཡོད་པའི་བཟང་ཕྱོགས་ཀྱི་རྣམ་པ་ཐོན་བཞིན་ཡོད་ཚུལ་བརྗོད་ཡོད་ཀྱང་། གསང་བའི་ལས་ཁུངས་ཁག་གིས་བྱང་ཀོ་རི་ཡའི་ངོས་ནས་ཨ་རི་དང་གྲོས་མོལ་ལ་བརྟེན་ནས། རྡུལ་མཚོན་དང་མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་མེད་ཀྱང་། བྱང་ཀོ་རི་ཡའི་འགོ་ཁྲིད་ཚོས། རྡུལ་མཚོན་དེ་ནི་བྱང་ཀོ་རི་ཡའི་སྲིད་གཞུང་གི་འཚོ་གནས་ལ་གལ་འགངས་ཆེན་པོ་འཛིན་བཞིན་ཡོད་པས། རྡུལ་མཚོན་ཆ་ཚང་རྩ་མེད་བཟོ་བའི་ངེས་པ་ཕལ་ཆེར་མེད་པ་རེད། དེ་བཞིན་བྱང་ཀོ་རི་ཡར་རྒྱང་ཐག་རིང་པོ་སྙོབ་ཐུབ་པའི་རྡུལ་མཚོན་འཁྱེར་བྱེད་ཀྱི་མེ་ཤུགས་འཕུར་མདའ་བཟོ་སྐྲུན་མུ་མཐུད་བྱེད་རྒྱུའི་ཆོད་སེམས་ཡོད་པས། ཨ་རི་ལ་ཉེན་ཁ་མུ་མཐུད་ཆགས་བཞིན་ཡོད་སྐོར་བརྗོད་ནས། བྱང་ཀོ་རི་ཡའི་ངོས་ནས་ཨ་རི་དང་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་འདོད་པ་ཡོད་པ་དང་དེ་གལ་ཆེན་བརྩི་བཞིན་ཡོད་པ་ཁས་ལེན་བྱས་ནས། རྡུལ་མཚོན་ཆ་ཚང་རྩ་མེད་བཟོ་མི་དགོས་པ་དང་ཨ་རིའི་འབྲེལ་ལམ་དེ་ཡག་ཏུ་གཏོང་རྒྱུའི་བར་ལ། ཐབས་ལམ་བཙལ་བཞིན་ཡོད་སྐོར་བརྗོད་འདུག

ཊོམ་གྱིས་དེ་སྔོན་ཕྱི་ལོ་༢༠༡༥ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་དང་ཨི་རན་རྡུལ་མཚོན་དང་འབྲེལ་བའི་གྲོས་མཐུན་བཞག་ཡོད་པ་དེས། གྲུབ་འབྲས་གང་ཡང་ཐོན་མེད་ཁར་ཨི་རན་གྱི་རྡུལ་མཚོན་ལས་གཞི་མཚམས་འཇོག་བྱས་ཐུབ་མེད་སྐོར་བརྗོད་ནས། གྲོས་མཐུན་དེ་ནས་ཨ་རི་ཕྱིར་འཐེན་བྱས་ཏེ། ཨི་རན་ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་ཡོད་པ་རེད་དེ། གསང་བའི་ལས་ཁུངས་ཁག་གིས་ཨི་རན་གྱིས་ད་བར་ཕྱི་ལོ་༢༠༡༥ ལོར་བཞག་པའི་གྲོས་མཐུན་གྱི་ཆ་རྐྱེན་རྣམས་ལག་བསྟར་བྱེད་བཞིན་ཡོད་པ་དང་། རྡུལ་མཚོན་བཟོ་སྐྲུན་བྱེད་ཀྱི་མེད་སྐོར་བརྗོད་འདུག འོན་ཀྱང་ཨི་རན་གྱི་མེ་ཤུགས་འཕུར་མདའི་གོ་མཛོད་དང་དཀྱིལ་ཤར་ཡུལ་གྲུའི་ཁུལ་གྱི་གྱེན་ལངས་དམག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་རིགས། ཨ་རིའི་བདེ་འཇགས་ལ་ཉེན་ཚབས་བཟོ་སྲིད་སྐོར་བརྗོད་འདུག

སྲིད་འཛིན་ཊོམ་གྱིས་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཅེས་པ་དེ་ནི་མི་མང་རྣམས་མགོ་སྐོར་གཏོང་བྱེད་ཅིག་ཡིན་སྐོར་བརྗོད་མྱོང་ཡོད་པ་དང་། ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་རྗེས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཆེད་ཀྱི་གྲོས་མཐུན་ནས་ཨ་རི་ཕྱིར་འཐེན་བྱས་ནས། གནམ་གཤིས་འགྱུར་ལྡོག་གིས་མཇུག་འབྲས་ཚབས་ཆེན་འབྱུང་སྲིད་པར་ངོས་ལེན་བྱེད་ཀྱི་མེད་པ་རེད་དེ། གསང་བའི་ལས་ཁུངས་ཁག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་རང་བྱུང་ཐོན་ཁུངས་རྣམས་དཀོན་པོ་ཆགས་ཏེ། དེ་དག་ཐོབ་ཆེད་དུ་འགྲན་རྩོད་ཆེན་པོ་ཆགས་ཉེན་ཡོད་ཁར། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཡང་ཉེན་ཚབས་ཆེན་པོ་ཡོད་སྐོར་བརྗོད་འདུག

དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་དྲ་ཐོག་འཇབ་རྒོལ་དང་གསང་མྱུལ་གྱི་ལས་དོན་བྱེད་པའི་ནུས་པ་ཆེན་པོ་ཡོད་པས། དེ་གཉིས་ཀྱིས་ཕྱི་ལོ་༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཤུགས་རྐྱེན་སྤྲོད་ཐབས་བྱེད་སྲིད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༢༠༠ ཀློག་གྲངས།