༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༦  ཕྱི་ལོ་ ༢༠༡༠/༡ /༣༠

བོད་པའི་ཁ་རྒྱུན་དུ་གནམ་ལ་ཉི་ཟླ་གཉིས། ས་ལ་རྒྱལ་པཎ་གཉིས་གྲགས་པའི་ཡ་གྱལ་༧ཀུན་གཟིགས་པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ཀྱི་ཛ་དྲག་དུས་སུ་སྐུ་འཁྲུངས་པ་དང་། འཚར་ལོང་གི་བརྒྱུད་རིམ་ཡང་ཧ་ཅང་དཀའ་ཚེགས་ཆེ་བའི་དུས་ཚོད་ཅིག་ཏུ་ཁེལ་ཡོད། ཐོག་མ་ངོས་འཛིན་སྐབས་སུའང་ཐུན་མོང་གཅིག་གྱུར་གྱི་ཐོག་ནས་བྱུང་མེད་ལ། སྐབས་དེའི་སྡེ་པ་གཞུང་གི་ངོས་ནས་རྗེ་འདི་ཉིད་པཎ་ཆེན་སྐུ་ཕྲེང་བཅུ་པ་རུ་ངོས་འཛིན་བྱེད་རྒྱུར་འདོད་མོས་དེ་ཙམ་མེད་པ་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་གསལ་ཡོད། འོན་ཀྱང་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཞག་པའི་སྐབས། རྒྱ་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་པར་རྗེ་འདི་ཉིད་ངོས་འཛིན་གཏན་འཁེལ་དགོས་པའི་དགོས་འདུན་བཏོན་པ་བཞིན། དོན་ཚན་བཅུ་བདུན་གྱི་དངོས་གཞི་གླེང་སློང་མ་བྱས་པའི་སྔོན་ལ་ཟླ་གཅིག་ཙམ་གྱི་རིང་གཙོ་བོ་གནད་དོན་འདི་དང་། རྒྱལ་པཎ་གཉིས་ཀྱི་སྐུ་དབང་སྐོར་གླེང་སློང་བྱས་ཏེ་མཐར་པཎ་ཆེན་སྐུ་གོང་མའི་ཡང་སྲིད་དུ་སྡེ་པ་གཞུང་གི་གཞུང་འབྲེལ་གྱིས་ངོས་ལེན་བྱེད་དགོས་བྱུང་བ་རེད།

སྐབས་དེར་པཎ་ཆེན་སྐུ་ཕྲེང་བཅུ་པར་གཞུང་འབྲེལ་གྱི་ངོས་འཛིན་ཐོབ་ནའང་པཎ་ཆེན་སྐུ་གོང་མའི་སྐུ་འཁོར་ནང་མ་སྒང་གི་མི་སྣ་གཙོ་གྲས་མང་པོ་ཡོད་པ་དང་། པཎ་ཆེན་སྐུ་གོང་མ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབར་གླེང་རྙོག་མང་དག་ཅིག་བྱུང་བའི་གནས་ཚུལ་དངོས་སུ་བརྒྱུད་མྱོང་བའི་མི་སྣ་མང་པོ་ཞིག་སྐབས་དེར་ཡོད་སྟབས། པཎ་ཆེན་རིན་པོ་ཆེའི་ཁོར་ཡུག་ཏུ་བློ་བདེ་བག་ཕེབས་ཤིག་གང་ཡང་མེད། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་རྣམ་པ་གཉིས་སྐུ་ན་གཞོན་ཞིང་སྐུ་གོང་མ་གཉིས་ཀྱི་གླེང་རྙོག་ལ་རྒྱུས་མྱོང་མེད་ནའང་། ཕྱི་ལོ་༡༩༥༦ ལོར་རྒྱ་གར་དུ་སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་༢༥༠༠ འཁོར་བའི་དུས་དྲན་དུ་ཕེབས་སྐབས་དང་། ནོར་བུ་གླིང་ག་རུ་མཇལ་འཕྲད་གནང་སྐབས་ཀྱང་ཅུང་སྟབས་མི་བདེ་པའི་གནས་ཚུལ་བྱུང་ཡོད་པ་དང་། ཕན་ཚུན་གཟིགས་སྟངས་མི་འདྲ་བ་བྱུང་ཡོད་པ་ནི་༧གོང་ས་མཆོག་གི་མཛད་རྣམ་ངོས་ཀྱི་ངོས་ཡུལ་དང་ངོས་ཀྱི་མི་མང་དུ་གསལ་བས་འདིར་བསྐྱར་བཟློས་མ་བྱས།

བོད་པའི་སྤྱི་ཚོགས་ནང་པཎ་ཆེན་རིན་པོ་ཆེའི་བླ་བྲང་ནང་མ་སྒང་རྒྱ་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་ལྟ་ཚུལ་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་ཐོག་མ་ལྷ་སར་ཕེབས་སྐབས་ཀྱང་རྒྱ་ནག་ལན་གྲུའུ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བྱང་ཤར་དམག་ཁུལ་ཁང་གི་དམག་དཔུང་དང་ལྷན་དུ་ཕེབས་ཡོད་པ་མ་ཟད། བྱང་ཤར་དམག་ཁུལ་ཁང་གི་ངོས་ནས་པཎ་ཆེན་རིན་པོ་ཆེའི་རྒྱབ་རྩ་ཡིན་པའི་རྣམ་འགྱུར་ཡང་སྟོན་བཞིན་ཡོད་པ་རེད། རྒྱ་ནག་སི་ཁྲོན་ཕྱོགས་ནས་ཡོང་བའི་ལྷོ་ནུབ་དམག་ཁུལ་ཁང་གི་ངོས་ནས་རྒྱལ་བ་རིན་པོ་ཆེའི་རྒྱབ་རྩ་ཡིན་མདོག་གམ། དེ་དང་འབྲེལ་བ་ཉེ་པོ་ཡོད་པའི་རྣམ་འགྱུར་ལ་བརྟེན་བོད་པའི་སྤྱི་ཚོགས་ནང་ཤོག་ཁག་དང་འཐེན་འཁྱེར་གྱི་རྨང་གཞི་སྔར་ཡོད་ཐོག དམག་དཔུང་དེ་གཉིས་ཀྱི་བྱེད་སྤྱོད་ལ་བརྟེན་ནས་རྩོད་རྙོག་ཆེ་རུ་གཏོང་ཐབས་བྱས་ཡོད། ཕྱིས་སུ་པཎ་ཆེན་རིན་པོ་ཆེས་བྱང་ཤར་དམག་ཁུལ་ངའི་རྒྱབ་རྩ་ཡིན་པར་ངོས་འཛིན་བྱེད་མྱོང་ཡང་། དོན་དུ་བྱང་ཤར་དང་། ལྷོ་ནུབ་དམག་ཁུལ་ཁང་གང་ཡིན་ཡང་བོད་བཙན་བཟུང་དབང་བསྒྱུར་བྱ་རྒྱུའི་དམིགས་ཡུལ་གཅིག་པ་རེད་འདུག་ཅེས་གསུངས་མྱོང་།

རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་ནས་བོད་མི་ཧ་ཅང་མང་པོ་ཞིག་གི་ཚེ་སྲོག་འཕྲོགས་ཤིང་། དགོན་སྡེ་གྲངས་མེད་པ་ཞིག་གཏོར་བཤིག་བཏང་བའི་ཡ་ང་བའི་གནས་ཚུལ་མང་པོ་ཞིག་ཐུགས་ཀྱིས་མ་བཟོད་པར་རྒྱ་གཞུང་ལ་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཕུལ་བས་མི་ལོ་དགུའི་རིང་བཙོན་འཇུག་མནར་གཅོད་ཚད་ལས་བརྒལ་བ་མྱངས་ཡོད། རྒྱ་ནག་ཏུ་གུ་ཡངས་ཀྱི་སྲིད་བྱུས་ཅུང་ཙམ་སླེབས་སྐབས་པཎ་ཆེན་རིན་པོ་ཆེས་བོད་དང་བོད་ཀྱི་གནད་དོན་ཁོ་ན་ལ་ཐུགས་ཁུར་བཞེས་ཤིང་། གདོང་ཐུག་དགོས་ས་ལ་གདོང་ཐུག་བརྒྱབ། འབོད་སྐུལ་དགོས་ས་ལ་འབོད་སྐུལ་ཞུས། ལམ་སྟོན་དགོས་ས་ལ་ལམ་སྟོན་གནང་ནས་བོད་ཀྱི་ཆོས་དང་རིག་གནས་ཀྱི་མེ་རོ་སླར་གསོ་མཛད་ཅིང་། ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་ཆོས་དང་རིག་གནས་དར་རྒྱས་བྱུང་བའི་གཞི་རྩ་གཙོ་བོ་བསྐྲུན་མཁན་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་ཁོ་ནར་གྱུར་ཡོད། རྗེ་འདི་ཉིད་ཀྱི་ཐུགས་སྟོབས་གོ་ཆ་བཙན་པོ་འདི་ལྟ་བུ་ཞིག་སྐུ་ཕྲག་ཏུ་བཞེས་མེད་ན། ད་ལྟའི་ཆར་བོད་ཀྱི་ཆོས་དང་རིག་གནས་ཕལ་ཆེར་རྩ་མེད་དུ་གྱུར་ཡོད་སྲིད་པ་རེད།

མདོར་ན་བོད་ནང་དུ་པཎ་ཆེན་རིན་པོ་ཆེར་སྐུར་འདེབས་ཞུ་མཁན་བྱུང་ཡོད་པ་དང་། བོད་ཕྱི་ལོགས་ནས་ཀྱང་བལ་ཡུལ་དུ་ཕེབས་སྐབས་དར་ནག་བཟུང་ནས་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་མྱོང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་གྱི་མ་རྩར་དམིགས་ནས་བཙུགས་པའི་ཚོང་ལས་ཁག་ལ་ཁ་གཡར་ནས་ཚོང་པ་རྒྱགས་པ་ཞེས་པའི་མཚན་སྨོད་འདི་ཡང་། བོད་ཕྱི་ནང་གང་ནས་བྱུང་བ་ཞིག་ཡིན་མིན་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐོར་ལོ་རྒྱུས་ཀྱི་དེབ་ཏུ་བཀོད་པ་ལྟ་བུ་ནི། ཁོང་དང་ཁོང་ལྟ་བུ་བཙན་བྱོལ་བོད་པའི་ཆབ་སྲིད་ཀྱི་སྣེ་མོ་བའམ། འགན་ཁུར་ཡོད་པའི་མི་སྣ་ཁག་ཅིག་གི་ལྟ་སྟངས་ཡིན། དེ་བཞིན་པཎ་ཆེན་རིན་པོ་ཆེའི་སྐུ་གཤེགས་རྐྱེན་ཡང་རྒྱ་གཞུང་གིས་བྱས་པར་ངོས་འཛིན་བྱེད་ཆོག་པ་ཞིག་ཏུ་གྱུར་ཡོད་ཅིང་། རྒྱ་བོད་ཀྱི་གནད་ཡོད་སུའི་མིག་ནང་དུ་མ་ཤོང་ཡང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ནི་བོད་ཀྱི་ནོར་བུ་དང་། སྐུ་ཚེའི་མཐའ་མ་ཡང་བོད་ཀྱི་ཆེད་དུ་བསྟིམས་པའི་དུས་ནམ་ཡང་བརྗེད་མི་རུང་བའི་རླབས་ཆེན་གྱི་དཔའ་བོ་ཞིག་ཡིན།།

Share this:
༩༧༧ ཀློག་གྲངས།