བོད་རྒྱ་གཉིས་ཀྱི་ན་གཞོན་བར་བསམ་བློ་བརྗེ་རེས་ཀྱི་ཚོགས་འདུ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཁང་དུ་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག བོད་རྒྱ་གཉིས་ཀྱི་ན་གཞོན་དབར་བསམ་བློ་བརྗེ་རེས་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་འདུ་དེའི་ཐོག་བོད་རིགས་སློབ་མ་གྲངས་༡༥ ཙམ་དང་རྒྱ་རིགས་སློབ་མ་གྲངས་༤༥ ལྷག་མཉམ་ཞུགས་བྱས་ཡོད་པ་དང་། སློབ་མ་དེ་དག་ནི། ནིའུ་ཡོག་ཉེ་འཁོར་གྱི་ཁོ་ལུམ་བྷི་ཡ་མཐོ་སློབ་(Columbia University) དང་།  སེ་ར་ཁུ་སི་མཐོ་སློབ་(Syracus University) ཧན་ཊར་མཐོ་སློབ་(Hunter College) བྷ་རུག་མཐོ་སློབ་(Baruch College)  སོགས་ཀྱི་ནང་སློབ་སྦྱོང་གནང་བཞིན་པ་དང་སློབ་མཐར་ཕྱིན་ཟིན་པའི་ཆེད་ལས་པ་ཤ་སྟག་ཡིན་འདུག   ཚོགས་འདུ་དེ་དང་པོ་གཏམ་བཤད་ལས་རིམ་དང་། གཉིེས་པ་གཞོན་སྐྱེས་ནང་ཁུལ་གྱི་བགྲོ་གླེང་། གསུམ་པ་བོད་ཀྱི་ཞལ་ལག་ལ་རོལ་བ་དང་ལྷན་ཞོར་ལ་བགྲོ་གླེང་བྱས་ཡོད་པ་རེད།

ལས་རིམ་དེའི་ནང་སྐུ་ཞབས་ཧུ་ཕིང་(Hu Ping) གིས་བོད་རིགས་དང་འབྲེལ་བ་བྱུང་ནས་ལོ་ངོ་སུམ་བཅུ་ལྷག་གི་ཉམས་མྱོང་དང་བཙན་བྱོལ་བོད་མིའི་སྐོར་གསུང་བཤད་གནང་བ་དང་། ནིའུ་ཡོག་གྲོང་ཁྱེར་མཐོ་སློབ་ཀྱི་སློབ་དཔོན་ཤ་མིང་གིས་ཁོང་གིས་བྲིས་པའི་དེབ་གསར་པ་རི་མཐོན་པོའི་འབབ་ཆུའི་སྐོར།  སྐུ་ཞབས་ཏིང་ཡི་ཧྥུ་ཡིས་སྤྱི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་འགྲོ་གླེང་སྟེང་མཉམ་ཞུགས་གནང་བའི་སྐོར། ལྕམ་ལི་ཅང་ལིན་གྱིས་ཉེ་རབས་བོད་ཀྱི་ལོ་རྒྱུས་ཏེ་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་ཀྱི་ལོ་རྒྱུས་དང་། དེ་དག་བོད་རིགས་དང་རྒྱ་རིགས་ཚོས་ཤེས་དགོས་པའི་རྒྱུ་མཚན་སོགས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

མཐར་རྒྱ་རིགས་འབྲེལ་མཐུད་པ་ཟུར་པ་ཀུན་དགའ་བཀྲ་ཤིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་སྲིད་བྱུས་ཀྱི་དགོངས་དོན་དང་རྒྱ་ནག་གཞུང་གིས་ངོས་ནས་དབུ་མའི་ལམ་གྱི་སྐོར་འབྲེལ་བརྗོད་ཇི་ལྟར་བྱེད་བཞིན་ཡོད་པ། དེ་བཞིན་རྒྱ་རིགས་ཚོས་དབུ་མའི་ལམ་ལ་ཇི་ལྟར་མཁྱེན་རྟོགས་གནང་དགོས་པའི་སྐོར་གསུང་བཤད་གནང་། ལས་རིམ་གཉིས་པ་གཞོན་སྐྱེས་ནང་ཁུལ་དབར་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བ་དང་།  ཚོགས་འདུའི་ཐོག་མཉམ་ཞུགས་གནང་བའི་བོད་རིགས་དང་རྒྱ་རིགས་གཞོན་སྐྱེས་ཚོས་བོད་ཀྱི་གནས་སྟངས་དང་རྒྱ་ནག་གི་ཆབ་སྲིད། སྤྱི་ཚོགས་སོགས་ལ་ཤེས་རྟོགས་དང་བློ་སྐྱེད་ཆེན་པོ་བྱུང་བའི་བསམ་ཚུལ་གསུངས་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༧༦༧ ཀློག་གྲངས།