གླེང་རྙོག་ལ་མ་ལྟོས་པར་ངོ་དེབ་ཚོང་ལས་ཁང་གི་ཁེ་བཟང་མང་བ་འཕར་ཡོད་འདུག

ཕྱི་ལོ་༢༠༡༦ ལོའི་ཨ་རིའི་འོས་བསྡུ་དང་འབར་མའི་ནང་རུང་གྷེ་ཡ་མི་རིགས་ལ་དྲག་གནོན། ངོ་དེབ་བཀོལ་སྤྱོད་པ་ཚོའི་སྒེར་གྱི་གསང་བ་སོགས་ཀྱི་ཐོག་ལ། ངོ་དེབ་ཚོང་ལས་ཁང་གིས་ནོར་འཁྲུལ་ཆེན་པོ་བྱས་ཡོད་པའི་གླེང་རྙོག་མང་པོ་ཞིག་བྱུང་ཡོད་ཀྱང་། ཚོང་ལས་ཁང་དེའི་མཉེན་ཆས་བེད་སྤྱོད་བྱེད་མཁན་དང་ཁེ་བཟང་མང་དུ་ཕྱིན་ཡོད་འདུག

ཟླ་༡ པའི་ཚེས་༣༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། དཔལ་འབྱོར་དཔྱད་བརྗོད་པ་ཁག་གི་ཚོད་དཔག་ལས་བརྒལ་ཏེ། ཕྱི་ལོ་༢༠༡༨ ལོའི་ཟླ་བ་མཐའ་མ་གསུམ་གྱི་ནང་། ངོ་དེབ་ཚོང་ལས་ཁང་གི་ཁེ་བཟང་དེ་བརྒྱ་ཆ་༣༠ འཕར་འདུག་པ་དང་། དེ་ནི་ཨ་སྒོར་ཐེར་འབུམ་༡༦.༩ ཡིས་འཕར་བ་ཡིན་པའི་སྙན་ཐོ་བཏོན་རྗེས། ངོ་དེབ་ཀྱི་མ་རྐང་རིན་ཐང་བརྒྱ་ཆ་༡༠ ལས་མང་བ་འཕར་འདུག

དེ་བཞིན་ད་ལྟའི་ཆར་འཛམ་གླིང་ནང་ཉིན་ལྟར་ངོ་དེབ་བཀོལ་སྤྱོད་བྱེད་མཁན་མི་གྲངས་ཐེར་འབུམ་༡.༥༢ ཡོད་ཁར། ཟླ་ལྟར་བཀོལ་སྤྱོད་བྱེད་མཁན་ཐེར་འབུམ་༢.༣༢ ཡོད་འདུག གྲངས་ཐོ་དེ་གཉིས་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་༩ ཡིས་འཕར་བ་ཡིན་འདུག དེའི་ཐོག་ངོ་དེབ་ཚོང་ལས་ཁང་གི་མཉེན་ཆས་དབྱིན་སེ་ཏ་གྷེ་རམ་དང་། ཝ་ཛེ་ཨེབ། ངོ་དེབ་སོགས་ཟླ་རེར་བེད་སྤྱོད་བྱེད་མཁན་མི་གྲངས་ཐེར་འབུམ་༢.༧ ཡོད་ཁར། མི་གྲངས་ཐེར་འབུམ་༢ ཡིས་ཉིན་ལྟར་ཉུང་མཐར་ཚོང་ལས་ཁང་དེའི་མཉེན་ཆས་བཀོལ་སྤྱོད་བྱེད་ཀྱི་ཡོད་འདུག

དྲ་ཐོག་ཁྲོམས་རའི་དཔྱད་བརྗོད་པ་གཅིག་གིས། ངོ་དེབ་ཚོང་ལས་ཁང་གི་སྙན་ཐོ་ལ་གཞིགས་ན། ཕྱི་ལོ་༢༠༡༨ ལོར་ཚོང་ལས་ཁང་དེར་རྙོག་གླེང་ག་ཚོད་བྱུང་ཡང་། དེ་དག་གིས་ངོ་དེབ་བཀོལ་སྤྱོད་བྱེད་མཁན་གྱི་གྲངས་འབོར་དང་ཁེ་བཟང་མང་དུ་གཏོང་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་སྤྲད་ཐུབ་མེད་པ་གསལ་པོ་ཡིན་སྐོར་བརྗོད་འདུག

ངོ་དེབ་ཚོང་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མག་ཛོ་ཁེར་བྷག་གིས། ཚོང་ལས་ཁང་གི་ངོས་ནས་ལོ་སྔོན་མའི་གླེང་རྙོག་དང་བསྟུན་ནས། སྒེར་གྱི་གནས་ཚུལ་དང་སྤྱི་ཚོགས་ཀྱི་གནད་དོན་སོགས་ལ་གནོད་སྐྱོན་མི་ཡོང་ཆེད། དྲ་ཐོག་བདེ་འཇགས་ཀྱི་ལས་མི་ཁྲི་མང་པོ་གླས་ཡོད་ཁར། ཉེན་ཁ་ངོས་འཛིན་བྱེད་མཁན་གྱི་མ་ལག་འཛུགས་སྐྲུན་བྱེད་བཞིན་ཡོད་སྐོར་བརྗོད་འདུག

དེ་ཡང་ཕྱི་ལོ་༢༠༡༦ ལོའི་ཨ་རིའི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་སུ། དབྱིན་ཡུལ་ལ་ཡོད་པའི་འོས་བསྡུའི་ཁྱབ་བསྒྲགས་ཚོང་ལས་ཁང་ཞིག་གིས། ངོ་དེབ་བརྒྱུད་ནས་འོས་ཤོག་འཕེན་མཁན་རྣམས་ཀྱི་གནས་ཚུལ་མང་པོ་མཁོ་སྒྲུབ་བྱས་ཡོད་པ་དང་། དེ་བཞིན་ཨུ་རུ་སུ་ནས་ངོ་དེབ་ཐོག་ཏུ་ཨ་རིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མ་མང་པོ་ཞིག་སྤེལ་ཡོད་པ་སོགས་ཀྱི་གནས་ཚུལ་རྣམས་འོས་བསྡུའི་རྗེས་སུ་ཐོན་ནས། ངོ་དེབ་ཀྱིས་ནོར་འཁྲུལ་ངོས་ལེན་བྱས་ཡོད་པ་རེད།

དེ་བཞིན་མཉམ་འབྲེལ་རྒྱལ་ཁབ་ཀྱིས་འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་འཁོན་འཛིན་སློང་བྱེད་ཀྱི་བརྒྱུད་ལམ་བེད་སྤྱོད་ཆེ་ཤོས་ངོ་དེབ་ཡིན་ཡང་། ངོ་དེབ་ཚོང་ལས་ཁང་གིས་གནད་དོན་དེ་རིགས་འཕེལ་རྒྱས་འགྲོ་བར་བཀཀ་སྡོམ་བྱེད་པའི་ལས་དོན་ལ་འཐུས་ཤོར་བཏང་བའི་སྐྱོན་བརྗོད་བྱས་རྐྱེན། ཚོང་ལས་ཁང་དེས་རང་དབང་ཅན་གྱི་ཞིབ་འཇུག་ཁང་ཞིག་ལ་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་པའི་ཆ་རྐྱེན་བསྐྲུན་ཡོད་པ་རེད། ལོ་སྔོན་མའི་ཟླ་༡༡ པའི་ནང་གནད་དོན་དེའི་སྐོར་ཞིབ་འཇུག་སྙན་ཐོ་ཐོན་ནས། འབར་མའི་ནང་ཁ་ཆེ་གྲངས་ཉུང་མི་རིགས་ལ་དྲག་སྤྱོད་དངོས་སུ་བརྒྱུད་སྐུལ་བྱེད་ཆེད་ངོ་དེབ་བརྒྱུད་ལམ་བེད་སྤྱོད་བྱས་ཡོད་ཀྱང་། ཚོང་ལས་ཁང་གིས་དེ་རིགས་བཀག་འགོག་ཡོང་ཆེད་འབད་བརྩོན་གང་ཡོང་བྱས་མེད་སྐོར་དང་། མ་འོངས་ཕྱི་ལོ་༢༠༢༠ ལོའི་འབར་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས། ངོ་དེབ་ཀྱིས་དོ་དམ་ནན་པོ་བྱེད་དགོས་སྐོར་འཁོད་ཡོད་པས། ངོ་དེབ་ཀྱིས་སྙན་ཐོའི་གྲུབ་དོན་ལྟར། ཚོང་ལས་ཁང་ངོས་ནས་དེ་རིགས་བཀག་འགོག་བྱེད་པའི་ནུས་པ་ཡོད་པ་དང་བྱེད་དགོས་པ་ཁས་ལེན་བྱེད་ཀྱི་ཡོད་ཁར། འབར་མའི་སྐད་ཡིག་ཤེས་མཁན་༩༩ ལ་ལས་ཀ་སྤྲད་ནས། དྲ་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པ། དེ་བཞིན་འབར་མའི་ནང་གི་དམག་དཔོན་དང་གཞུང་གི་དཔོན་རིགས་ཁག་ཅིག་གིས། ངོ་དེབ་ཐོག་ཁ་ཆེ་གྲངས་ཉུང་མི་རིགས་ལ་ངན་དམོད་དང་འཁོན་འཛིན་སློང་ཐབས་བྱས་ཡོད་པས། དེ་དག་གི་ངོ་དེབ་བཀག་སྡོམ་བྱས་ཟིན་སྐོར་བརྗོད་ཡོད་པ་རེད། དེ་བཞིན་ཚོང་ལས་ཁང་དེས་རྒྱ་ནག་གི་གློག་ཆས་ཚོང་ལས་ཁང་བཞི་ལ། ངོ་དེབ་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པའི་གནས་ཚུལ་ཕྱིར་ཐོན་ནས་ངོས་ལེན་བྱས་འདུག་པ་དང་། དེའི་ནང་ཚོང་ལས་ཁང་གཅིག་ནི་ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བརྩི་བཞིན་པ་ཞིག་ཡིན་འདུག

ངོ་དེབ་ཚོང་ལས་ཁང་གིས་མི་སྒེར་གྱི་གསང་བ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སོགས་ལ་སེམས་ཁུར་བྱས་པའི་གནས་ཚུལ་བསྟུད་པར་ཕྱིར་ཐོན་ཡོད་ཀྱང་། ཚོང་ལས་ཁང་དེའི་མཉེན་ཆས་རྣམས་བཀོལ་སྤྱོད་བྱེད་མཁན་མང་དུ་ཕྱིན་ཡོད་པ་མ་ཟད། མཉེན་ཆས་ཁག་གི་ཐོག་ཏུ་གླ་ཡོད་ཁྱབ་བསྒྲགས་སྤེལ་མཁན་ཡང་མང་དུ་སོང་ནས། ཚོང་ལས་ཁང་གི་ཁེ་བཟང་འཕར་བ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༩༦༦ ཀློག་གྲངས།