རྒྱ་ནག་གི་སྐོར་ཤེས་དགོས་ན་བོད་སྐོར་ངེས་པར་དུ་ཤེས་དགོས་པ་རེད་ཅེས་གསུངས་འདུག

ཕྱི་ཟླ་༡ ཚེས་༣༡ ཉིན་སྲིད་སྐྱོང་བློ་བཟང་སེང་གེས་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག ཉི་ཧོང་གི་ཨོ་ས་ཀའི་གྲོང་ཁྱེར་དུ་མི་མང་ལ་གཏམ་བཤད་སྐབས། གལ་ཏེ་རྒྱ་ནག་གི་སྐོར་ཤེས་དགོས་ན་བོད་སྐོར་ངེས་པར་དུ་ཤེས་དགོས་པ་རེད་ཅེས་གསུངས་འདུག

སྲིད་སྐྱོང་གིས་ཀྱི་གནད་དོན་དང་འབྲེལ་ནས་གསུང་དོན། “བོད་ནང་གནས་ཚུལ་ཐབས་སྡུག་བྱུང་བ་བཞིན་ཁྱེད་རང་ཚོ་ལའང་དེ་ལྟ་བུ་འབྱུང་སྲིད་པ་རེད། རྒྱ་ནག་གིས་དང་པོ་བོད་ནང་ལམ་ཁ་བཟོས་རྗེས་རིམ་པས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་། གཏེར་ཁ་སྔོག་འདོན། ཤིང་ནགས་གཅོད་འབྲེག་སོགས་བྱས་ཡོད། རྒྱ་གཞུང་གིས་བོད་ནང་སྲིད་བྱུས་ལག་བསྟར་བྱས་པ་ལྟར་ད་ལྟའི་ཆར་ཨེ་ཤི་ཡ་དང་ཨ་ཧྥི་རི་ཁའི་ཡུལ་གྲུ་མང་པོའི་ནང་དུའང་དེ་ལྟར་ལག་བསྟར་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་དང་སློབ་སྦྱོང་གི་རང་དབང་གི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། མཐོ་སློབ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་མ་ཚོའི་ཐོག་གནོན་ཤུགས་སྤྲོད་བཞིན་ཡོད། རྒྱ་ནག་གི་གནོན་ཤུགས་དེ་ལྟ་བུ་ཉི་ཧོང་གི་ཤེས་ཡོན་བསྟི་གནས་ཁག་སོགས་ཀྱི་ནང་ཡོང་སྲིད་པས། ཉི་ཧོང་གིས་དེ་རིགས་ལ་དོགས་ཟོན་གནང་དགོས། ཡུ་རོབ་དང་། ལ་ཊིན་ཨ་མི་རི་ཁ། ལྷོ་ཨ་མི་རི་ཁ། ཨོ་སི་ཊི་ལི་ཡ་བཅས་ཀྱི་འགོ་ཁྲིད་ཚོས་སོ་སོའི་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་། རིག་གཞུང་། ཆབ་སྲིད་ལས་དོན་སོགས་ཀྱི་ནང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་རེད། རྒྱ་ནག་གི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ལུང་པ་དེའི་མཐོ་སློབ་དང་། ཚོང་ལས། ཆབ་སྲིད་ལས་དོན་སོགས་ཀྱི་ནང་ཡོང་བཞིན་པའི་དཀའ་ངལ་འཕྲད་ཀྱི་ཡོད། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་གི་ཤུགས་རྐྱེན་ལ་ཁ་གཏད་ཀྱིས་གྲོས་ཚོགས་འཐུས་མི་༥༡ ལས་གྲུབ་པའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ནི་ཡུ་རོབ་ནང་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་དེ་ཆགས་ཡོད། དེ་བཞིན་ཨོ་སི་ཊི་ལི་ཡའི་ནང་ཐེངས་དང་པོ་གཞུང་གི་བཀའ་བློན་རྣམ་པ་དང་། ཆབ་སྲིད་ཚོགས་པའི་འགོ་ཁྲིད་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་ཨོ་སི་ཊི་ལི་ཡའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོར་ཕེབས་ཡོད་པ་རེད་”ཅེས་གསུགས་འདུག
སྲིད་སྐྱོང་གིས་མུ་མཐུད་ཉི་ཧོང་གི་བོད་དོན་རྒྱབ་སྐྱོར་དང་འབྲེལ་ནས་གསུང་དོན། “
འཛམ་གླིང་ཐོག་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གསར་འཛུགས་གནང་ཡོད་པས། ཉི་ཧོང་མི་མང་གིས་དེར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་དགོས་པའི་རེ་སྐུལ་ཞུས། ཉི་ཧོང་མི་མང་གིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་གྲོས་མོལ་བསྐྱར་གསོ་ཡོང་བ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་ཀྱི་ཆེད་དུ་ཞུ་ཡིག་འབུལ་ཐུབ་ན་ཕན་ཐོགས་ཆེ་བ་ཡོད་རེད་”ཅེས་གསུངས་ཡོད་པ་རེད།
ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ན་གའོ་ཊ་ཀ་ཞི(Mr. Nagao Takash) ཉི་ཧོང་མི་རེ་ངོ་རེ་ནས་བོད་མིའི་ཆོས་དང་། རིག་གཞུང་། རང་དབང་སོགས་སྲུང་སྐྱོབ་ཀྱི་ཆེད་ཞབས་འདེགས་ཞུ་ཐུབ་པའི་སྐོར་དང་། ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་བཙན་བྱོལ་བོད་མིའི་ཤེས་ཡོན་དང་འཕྲོད་བསྟེན་སོགས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
དེ་བཞིན་
སྲིད་སྐྱོང་གིས་ཉི་ཧོང་གི་གནའ་བོའི་རྒྱལ་ས་ནཱ་ར་(Nara) ནང་རྟེན་གཞི་བྱས་པའི་ཐོ་དའི་ཇི་ལྷ་ཁང་ (Todai-ji Temple) ལ་གནས་མཇ་དུ་ཕེབས་སྐབས་མཁན་པོ་ཀོ་ཇོ་མོ་རི་མོ་ཊོ(Kojo Morimoto) ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༧༠༦ ཀློག་གྲངས།