རྒྱ་ནག་གཞུང་གིས་དགོན་པར་བོད་ཡིག་གསབ་སྦྱོང་འཛིན་གྲྭ་བཀག་འགོག

ཉེ་ཆེར་བོད་ནང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་ལས་ཁང་ནས་ཕྱི་ལོ་༢༠༡༨ ཟླ་༡༢ ཚེས་༢༥ འཁོད་པའི། དགོན་པས་ཁྲིམས་འགལ་གྱི་སྒོ་ནས་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ་འགོག་སྲུང་སྐོར་གྱི་མྱུར་ཚབས་བརྡ་ཐོ་ཞེས་པའི་ཡིག་ཆབ་བཀྲམ་ནས། སློབ་གྲྭའི་དགུན་ཁའི་གུང་སེང་སྐབས་དགོན་པ་ཁག་གི་ནང་བོད་ཡིག་གསབ་སྦྱོང་འཛིན་གྲྭ་འཚོག་རྒྱུར་དམ་དྲག་བྱས་ཡོད་པ་རེད།

ཡིག་ཆ་དེ་ཡུལ་ཚོའི་དམར་ཕྱོགས་ཚོགས་པ་དང་སྲིད་གཞུང་། དགོན་པ་དོ་དམ་ཁང་སོ་སོར་སྤྲད་པ་དང་། དེའི་ནང་འཁོད་དོན། “སློབ་གྲྭ་ཆུང་འབྲིང་གི་དགུན་གནང་ལ་ཉེ་བ་དང་བསྟུན་ནས། ས་ཆ་སོ་སོའི་དགོན་པ་སོ་སོས་ཁྲིམས་འགལ་གྱི་སྒོ་ནས་བོད་ཡིག་གསབ་སྦྱོང་འཛིན་གྲྭ་སྤེལ་བའི་གནས་ཚུལ་མགོ་འབུར་གྱིན་ཡོད་ལ། གནད་སྐྱོན་འདི་རིགས་ལ་དོགས་ཟོན་ཆེད་དུ། ཞང་གྲོང་རྡལ་སོ་སོས་ངེས་པར་དུ་མཐོང་ཆེན་སྒོ་ནས། སེམས་ཁུར་གྱི་འདུ་ཤེས་ཟབ་མོས། དགོན་སྡེ་དཔུང་ཚོགས་ལེགས་བཅོས་དང་། ཡོངས་ལ་གནོད་པ་སྐྱེལ་མཁན་མི་དག་སྒྲིག་བཅོས་བྱ་རྒྱུ་འོས་འགན་གཙོ་བོ་རུ་བཟུང་ཞིང་། འགོ་ཁྲིད་གཙོ་བོས་དངོས་སུ་དམ་འཛིན་དང་། དགོན་སྡེ་དོ་དམ་ལས་བྱེད་མི་སྣས་ཞིབ་ཚགས་འཛིན་ཏེ། དགོན་པ་དང་གྲོང་ཚོ་ནང་དུ་ཟབ་འཇུག་བྱས་ནས། ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་པར་བྱེད་དགོས་ལ། འགལ་བ་གནོད་སྐྱོན་ལྔ་ས་དང་ཆུང་ས་ནས་འཛིན་ནས་གནད་དོན་དག་དགོན་པ་ནས་ཐག་གཅོད་པ་དང་། གཞི་ རིམ་ནས་ཞི་པར་བཟོ་ཞིང་། རང་རྫོང་གི་ཆོས་ལུགས་ཁྱབ་ཁོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་ འགན་སྲུང་ལེགས་པར་ཡོང་བར་བྱ་དགོས་”ཞེས་འཁོད་ཡོད་པ་རེད།

བརྡ་ཁྱབ་ནང་དུ། གཟབ་ནན་གྱིས་དགོན་སྡེས་འཛིན་གྲྭ་སྤེལ་བའི་བྱ་སྤྱོད་ལ་སྒྲིག་བཅོས་དང་ཁྲིམས་ལྟར་བཀག་སྡོམ་ནན་མོ་བྱ་དགོས། ལྷག་པར་དུ་སློབ་གྲྭའི་དགུན་གནང་དུས་སྐབས་སུ། ཞང་གྲོང་རྡལ་སོ་སོའི་ཉེ་ཆར་དགོན་པ་དོ་དམ་ཁང་དང་། མངག་གཏོང་ཁང་སོགས་རྩ་འཛུགས་བྱས་ཏེ། དགོན་པས་སློབ་གྲྭ་ སྤེལ་བའི་གནས་ཚུལ་ལ་ཕྱོགས་ཡོངས་དང་ཆ་ཚང་བའི་སྒོ་ནས་ཞིབ་བཤེར་ཐོ་འགོད་ལས་དོན་ཐེངས་ ཤིག་སྤེལ་དགོས། དགོན་སྡེས་གསབ་སྦྱོང་འཛིན་གྲྭ་དང་བོད་ཡིག་འཛིན་གྲྭའི་མིང་ཐོག་ནས་སློབ་གྲྭ་ ཆུང་འབྲིང་གི་སློབ་མ་བསྡུས་ཏེ་སློབ་གྲྭ་འཚོགས་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་དགོས་ཤིང་། ཕན་ཁེའི་འབྲེལ་བ་ཞིབ་ཅིང་གསལ་བར་བཤད་དགོས། རང་འདོད་ཁེར་སྒྲུབ་དང་ཁ་ཏ་སློབ་སྟོན་ལ་མི་ཉན་པའི་སློབ་གྲྭ་འཚོགས་པའི་དགོན་པ་དང་གྲྭ་བཙུན་གྱི་འགན་འཁྲི་ནན་མོ་རྩད་གཅོད་དགོས་ལ། གཅིག་གསལ་རྟོགས་བྱུང་ན་གཅིག་བཀག་སྡོམ་དགོས། གནས་ཚུལ་ཚབས་ཆེ་བ་དང་དོན་དག་བྱུང་བའི་དགོན་པ་དག་ཐད་ཀར་གནད་ཆེའི་དགོན་པ་དང་སྤྱི་པའི་དོ་དམ་དགོན་པའི་གྲལ་ཏུ་འཇོག་ནས་ཁྲིམས་ལྟར་སྒྲིག་བཅོས་བྱ་རྒྱུ་དང་། རྩ་འཛུགས་འཆར་འགོད་བྱེད་མཁན་མི་སྒེར་ཁྲིམས་ལྟར་དགོན་པའི་ཡིག་ཐོ་ལས་ཕུད་ཅིང་ཆོས་ལུགས་མི་སྣའི་དཔང་ཡིག་ཡར་བསྡུ་དགོས་པར་མ་ཟད། ཁྱབ་ཁོངས་ངེས་ཅན་ནང་སྤྱི་བསྒྲགས་བྱས་ཏེ་ཉེན་ཟོན་དགོས་པར་དྲན་སྐུལ་དགོས། དུས་མཉམ་དུ། སློབ་མ་དང་ཁྱིམ་བདག་གི་བསམ་བློའི་སློབ་གསོའི་ལས་དོན་ལེགས་པོར་བསྒྲུབས་ནས་སྤྱི་ཚོགས་ཀྱི་ལྡོག་ཕྱོགས་ཤན་ཤུགས་ཉུང་དུ་གཏོང་དགོས། ཞང་གྲོང་རྡལ་སོ་སོས་དགོན་པས་སྤྱི་ཚོགས་སློབ་གྲྭ་འཚོགས་པའི་གནོད་སྐྱོན་རང་བཞིན་གསལ་བོར་ཧ་གོ་བར་བྱས་ཏེ། གཞོན་ནུ་དང་ལོ་ཆུང་གི་བསམ་བློའི་སློབ་གསོའི་བཙན་ས་བརྟན་པོར་བཟུང་ཞིང་། ཏང་དང་སྲིད་གཞུང་གིས་སློབ་གསོའི་ལས་དོན་གྱི་གཙོ་ཁྲིད་གོ་གནས་ཀྱི་མཐོ་ཚད་དམ་སྲུང་དགོས་པས། ནན་ཏན་གྱིས་བཀོད་སྒྲིག་དང་། ཁྲིམས་ལྟར་སྒྲིག་བཅོས་བརྟན་སྲུང་བྱས་ཏེ། དགོན་པས་སློབ་གྲྭ་འཚོགས་པའི་སྣང་ཚུལ་གཏན་འགོག་བྱེད་དགོས་”ཞེས་འཁོད་ཡོད་པ་རེད།

བོད་ནང་དུ་བར་ལམ་ནས་དགོན་སྡེ་ཁག་དང་ཤེས་ཡོན་པ་སྒེར་ངོས་སློབ་གྲྭའི་གུང་སེང་སྐབས་དང་། ཡང་ན་དུས་ཁོམ་ནམ་ཡོད་ལ། བོད་ཡིག་སློབ་ཚན་ཞོར་ཁྲིད་བྱས་ཏེ་སྐད་ཡིག་རྒྱུན་འཛིན་བཀོལ་སྤྱོད་ཡོང་ཐབས་བྱེད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་བོད་མི་འདུ་འཛོམས་རིགས་ཕྱོགས་གང་ཐད་ནས་བཀག་འགོག་བྱེད་བཞིན་ཡོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༧༧༠ ཀློག་གྲངས།