བཀག་ཉར་འོག་ཡོད་པའི་སྐྱབས་བཅོལ་བ་ཞིག་ལ་རྩོམ་རིག་གི་བྱ་དགའ་ཆེན་པོ་ཐོབ་འདུག

ཨོ་སི་ཀྲོ་ལི་ཡའི་གཞུང་གིས་གླིང་ཕྲན་ཞིག་ཏུ་བཀག་ཉར་འོག་བཞག་ཡོད་པའི་སྐྱབས་བཅོལ་བ་ཞིག་ལ། རྒྱལ་ཁབ་དེའི་རྩོམ་རིག་བྱ་དགའ་ཆེ་ཤོས་དེ་དང་བྱ་དགའ་གཞན་ཞིག་ཐོབ་ཡོད་ཀྱང་། རྩོམ་པོ་རང་ཉིད་བྱ་དགའ་ལེན་པར་སླེབས་ཐུབ་མེད་པ་མ་ཟད། ཁོང་གིས་བྱ་དགའ་དེ་གཉིས་ཐོབ་པའི་རྟེན་འབྲེལ་བྱེད་འདོད་མེད་སྐོར་བརྗོད་འདུག

ཟླ་༢ པའི་ཚེས་༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཕྱི་ལོ་༢༠༡༣ ལོར་མཚོ་བརྒྱུད་ནས་ཨོ་སི་ཀྲོ་ལི་ཡར་སྐྱབས་བཅོལ་ཞུ་བར་སླེབས་མཁན་མི་གྲངས་༧༥ ཞིག མཚོ་ཐོག་ནས་ཨོ་སི་ཀྲོ་ལི་ཡའི་མཚོ་དམག་གིས་བཀག་འགོག་བྱས་ཏེ། མཱ་ནུ་སི་གླིང་ཕྲན་ཏུ་བཀག་ཉར་འོག་བཞག་ཡོད་པ་དང་། དེའི་ཁོངས་སུ་ཨི་རན་གྱི་གསར་འགོད་པ་ཞིག་ཀྱང་ཡོད་འདུག

གསར་འགོད་པ་དེ་དང་སྐྱབས་བཅོལ་བ་གཞན་རྣམས་ད་དུང་གླིང་ཕྲན་དེར་བཀག་ཉར་འོག་གནས་ཡོད་པ་དང་། དུས་སྐབས་དེའི་རིང་ཁོང་གིས་ཁ་པར་ཐོག་ཏུ་ཧྥར་སི་སྐད་ཡིག་ཐོག་ཏུ་དེབ་གཅིག་བྲིས་ནས། འཕྲིན་ཐུང་མཉེན་ཆས་ཝ་ཙེ་ཨེབ་བརྒྱུད་རང་གི་ཡིག་སྒྱུར་བྱེད་མཁན་ལ་བསྐུར་ཡོད་འདུག དེབ་དེའི་མིང་ལ་རི་བོའི་ཁྲོད་དུ་གྲོགས་མེད་ཁེར་རྐྱང་། མཱ་ནུ་སི་བཙོན་ཁང་ནས་ཟིན་བྲིས་ཞེས་པ་དེའི་ནང་དུ་སྐྱབས་བཅོལ་བ་དང་བཀག་ཉར། དེ་བཞིན་གདོང་ལེན་སོགས་ཀྱི་སྐོར་ཡིན་འདུག དེབ་འདིར་ཐེངས་འདིའི་ཨོ་སི་ཀྲོ་ལི་ཡའི་རྩོམ་རིག་བྱ་དགའ་ཆེ་ཤོས་( Victorian Prize for Literature) ཐོབ་འདུག་པ་དང་། བྱ་དགའ་དེར་ཨ་སྒོར་༧༣,༠༠༠ ཡོད་འདུག དེ་དང་མཉམ་དུ་བྱ་དགའ་ཨ་སྒོར་༡༨, ༠༠༠ ཡོད་པའི་བརྩམས་སྒྲུང་མ་ཡིན་པའི་རྩོམ་ཡིག་རྩེ་ཕུད་ཀྱི་བྱ་དགའ་ཡང་ཐོབ་འདུག

རྩོམ་པ་པོ་བྷུ་ཆ་ནཱི་ཡིས་ཁོང་གི་ཉེ་འཁོར་དུ་ད་དུང་ཡང་ཉེས་མེད་མི་མང་པོ་ཞིག་སྡུག་བསྔལ་མྱངས་བཞིན་ཡོད་པ་མཐོང་གི་ཡོད་པས། བྱ་དགའ་དེ་གཉིས་ཐོབ་པར་རྟེན་འབྲེལ་བྱེད་འདོད་མེད་པ་དང་། ཁོང་ཚོས་ཁྲིམས་འགལ་ལས་ཀ་གང་ཡང་བྱས་མེད་ཁར། སྐྱབས་བཅོལ་ཞུ་ཡི་ཡོད་པས། རང་དབང་སྤྲོད་རོགས་ཞེས་བརྗོད་འདུག

རྩོམ་པ་པོས་ཨན་ཌོ་ནི་ཤི་ཡ་ནས་མཚོ་བརྒྱུད་ནས་ཨོ་སི་ཀྲོ་ལི་ཡར་འགྲོ་ཐབས་ཐེངས་གཉིས་བྱས་འདུག་པ་དང་། ཐེངས་དང་པོར་ཁོང་གི་གྲུ་གཟེངས་ཆུའི་ནང་ཐིམ་ནས། ཨན་ཌོ་ནི་ཤི་ཡའི་ཉ་པ་ཞིག་གིས་བསྐྱབས་ཐུབ་འདུག ཐེངས་གཉིས་པ་དེར་ཨོ་སི་ཀྲོ་ལི་ཡའི་མཚོ་དམག་གིས་བཀག་འགོག་བྱས་ཏེ་གླིང་ཕྲན་དེར་བཀག་ཉར་བྱས་འདུག དེ་ཡང་ཁོང་གི་གསར་འགོད་ལས་དོན་ལ་བརྟེན་ནས་ཨི་རན་གཞུང་གི་འཛིན་བཟུང་བྱེད་པའི་ཉེན་ཁའི་འོག་བྲོས་བྱོལ་དུ་སོང་བ་རེད་འདུག

དྲ་ཐོག་ཏུ་མི་མང་པོ་ཞིག་གིས་རྩོམ་པ་པོར་དགའ་བསུ་ཞུས་ཏེ། ཨོ་སི་ཀྲོ་ལི་ཡའི་གཞུང་ལ་སྐྱོན་བརྗོད་བྱེད་བཞིན་འདུག་པ་དང་། ད་ལྟའི་ཆར་གླིང་ཕྲན་དེར་སྐྱབས་བཅོལ་བ་༦༠༠ བཀག་ཉར་འོག་ཡོད་འདུག ཨོ་སི་ཀྲོ་ལི་ཡའི་གཞུང་གིས་སྲིད་བྱུས་དེར་སྐྱོན་བརྗོད་བྱེད་མཁན་ཚོར། བཀག་ཉར་དེ་ལྟར་བྱེད་པ་ནི་མཚོ་ཐོག་ནས་སྐྱབས་བཅོལ་བ་རྣམས་ཀྱི་ཚེ་སྲོག་མི་ཤོར་བའི་ཐབས་ལམ་ཡིན་སྐོར་བརྗོད་བཞིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༨༡༣ ཀློག་གྲངས།