བཙན་བྱོལ་ནང་གི་གྲྭ་རྒྱུན་བརྒྱ་ཆ་༦༧ ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་འདུག

ཟླ་འདིའི་ཚེས་༡ ཉིན་སྔ་དྲོ་དྷ་ས་སྟོད་རྒྱུད་གྲྭ་ཚང་དུ་དུས་ཡུན་ལོ་གཅིག་གི་རིང་ཕ་རྒྱུད་གསང་བ་འདུས་པའི་སྔགས་ཀྱི་གཞུང་ལ་གསན་བསམ་གནང་བའི་དགེ་བཤེས་མ་རྣམས་ལ་གསང་སྔགས་གསན་བསམ་གནང་བའི་ཕྱག་ཁྱེར་སྤྲོད་པའི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། སྟོད་རྒྱུད་གྲྭ་ཚང་གི་མཁན་ཆེན། དམིགས་བསལ་སྐུ་མགྲོན་བོད་ཀྱི་བཙུན་མའི་ལས་འཆར་ཚོགས་པའི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ། དེ་བཞིན་དགེ་བཤེས་མའི་རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱི་ཚོགས་གཙོ་དགའ་ལྡན་ཆོས་གླིང་གི་མཁན་པོ། བཙུན་མའི་ལས་འཆར་ཚོགས་པའི་ལས་ཐོག་འགན་འཛིན་དང་དྲུང་ཆེ་ཟུར་པ་སྣང་ས་ཆོས་སྒྲོན་སོགས་ཕེབས་འདུག

སྟོད་རྒྱུད་གྲྭ་ཚང་གི་ཕྱག་མཛོད་ཀྱིས་ལས་འཆར་འདིའི་སྔོན་འགྲོའི་བརྒྱུད་རིམ་སྐོར་གསུང་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ཐུགས་རྗེའི་གཟིགས་པ་དང་ཕྲིན་ལས་དེའི་འོག་ནས་བཙན་བྱོལ་ནང་དུ་ཉག་ཕྲ་བའི་བསྟན་པའི་མེ་རོ་སླར་དུ་གསོས་ཚུལ་དང་། གཞན་ཡང་༧གོང་ས་མཆོག་གིས་དགོན་པ་དང་སློབ་གྲྭ་སོགས་བཙུགས་ནས་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གནང་རྒྱུ་སོགས་རླབས་ཆེན་གྱི་དགོངས་གཞི་མང་པོ་ཡོད་པ་ལས་བཙུན་མ་རྣམས་ཀྱིས་སློབ་གཉེར་གནང་རྒྱུ་འདི་གཅིག་ཡིན་ཚུལ། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་རང་གཞུང་ཤེས་རིག་དང་བཙུན་མའི་ལས་འཆར་ཚོགས་པ་སོགས་འབྲེལ་ཡོད་འབྲེལ་ཆགས་མང་པོ་ཞིག་གིས་འབད་བརྩོན་གནང་སྟེ་བཙུན་མ་རྣམས་ཀྱིས་གསང་སྔགས་ཀྱི་གཞུང་སློབ་གཉེར་གྱི་གོ་སྐབས་ཐོབ་ཚུལ་དང་། གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་གནང་ས་དེ་གནའ་སྔ་མོ་ནས་རྒྱུད་གྲྭ་སྟོད་སྨད་གཉིས་ལ་ཡིན་ཚུལ་སོགས་གསུངས་སོང་།  ཕྱག་ཁྱེར་འབུལ་དགོས་དོན་གསུང་སྐབས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ནི་ལུང་རྟོགས་གཉིས་ལ་རག་ལས་པས་ལག་ཁྱེར་གལ་མི་ཆེ་ཡང་ཡུལ་དུས་དང་བསྟུན་ནས་གཅིག་དགོས་པར་བརྟེན། ཟམ་གདོང་རིན་པོ་ཆེ་ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ལག་ཁྱེར་འབུལ་བའི་མཛད་རིམ་འདི་གཉེར་བར་གསུངས་པ་དང་། བཙུན་མ་རྣམས་ཀྱི་འགན་འཁྲིའི་སྐོར་གསུངས་དོན། ༧གོང་ས་མཆོག་གི་ཐུགས་རེ་གནང་བ་ལྟར་བཙུན་མ་རྣམས་ཀྱི་མཇིང་པར་འགན་འཁྲི་ཆེན་པོ་ཞིག་ཡོད་པར་ཤེས་དགོས་ཚུལ་གལ་ཆེན་ཡིན་པ་སོགས་གསུངས་སོང་།

དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་ཁྲིམས་བདག་དགེ་སྐོས་ཀྱིས་བཙུན་མ་རྣམས་ཀྱི་བྲིས་རྒྱུགས་དང་རྩོད་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སྟེ། ཨང་རིམ་ལྟར་བཙུན་མ་རྣམས་ཀྱིས་དཔལ་ལྡན་ཆོས་རིག་བཀའ་བློན་གྱི་ཕྱག་ནས་ཕྱག་ཁྱེར་བཞེས་གནང་རྗེས།  བཀའ་ཟུར་རིན་ཆེན་མཁའ་འགྲོས་བཙུན་མའི་ལས་འཆར་གྱི་བྱུང་རིམ་གསུངས་དོན། ༡༩༨༤ ལོར་༧གོང་ས་མཆོག་གིས་བུད་མེད་ལྷན་ཚོགས་ལ་བཙུན་མ་ཚོར་སློབ་སྦྱོང་གི་ཐོག་རོགས་པ་བྱེད་དགོས་ཚུལ་བཀའ་ཕེབས་པ་ལྟར་ད་བར་ལོ་༣༣ ཙམ་གྱི་རིང་བུད་མེད་ལྷན་ཚོགས་བརྒྱུད་ནས་རིས་སུ་མེད་པར་རོགས་པ་གང་ཡོད་གནང་གི་ཡོད་ཚུལ་དང་། དེ་ལས་ལྷག་ཅིག་གནང་ཐུབ་ན་སྙམ་ཏེ་བཙུན་མའི་ལས་འཆར་འདི་ཐོག་མར་བུད་མེད་ལྷན་ཚོགས་ཀྱི་ལས་ཁུངས་སུ་གོ་སྒྲིག་གནང་བ་ཞིག་ཡིན་སྐོར། གཞན་ཡང་བཙུན་མའི་ལས་འཆར་ཚོགས་པ་གཅིག་པུ་མིན་པར་རོགས་པ་གནང་མཁན་མང་པོ་ཡོད་པ་དང་གཙོ་བོ་༧གོང་ས་མཆོག་གི་བཀའ་དགོངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ཡིན་སྐོར་དང་།  དེ་བཞིན་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་ཁྱེར་བྱུང་རྗེས་སྔགས་རིམ་གྱི་ལག་ཁྱེར་ཞིག་དགོས་མ་རེད་དམ་ཞེས་བཀའ་བསྡུར་བྱུང་རྗེས་ཟབ་གདོང་རིན་པོ་ཆེ་ལ་བཀའ་འདྲི་ཡང་ཡང་ཞུས་ཏེ་ལག་ཁྱེར་འབུལ་བའི་ལས་འཆར་འདི་བྱུང་ཚུལ་དང་། འདི་ནི་རྒྱལ་རབས་ལོ་རྒྱུས་ནང་མ་བྱུང་བ་ཞིག་བྱུང་བ་ཡིན་ཚུལ་དང་བུད་མེད་ནུས་སྟོབས་གཅིག་པུ་མིན་པར་འགྲོ་བ་མིའི་ནུས་སྟོབས་ལ་དེ་ལས་ལྷག་མེད་ཚུལ་སོགས་གསུངས་པ་དང་། དེ་ཡང་ཁོང་རྣམས་གཅིག་པུས་དཀའ་ལས་བརྒྱབ་པ་ཞིག་མིན་པར་འདས་པའི་བཀའ་བློན་ཚོས་འདིའི་ཆེད་དུ་སྐུ་ལས་མང་པོ་བསྐྱོན་ཡོད་ཚུལ་དང་། སློབ་སྦྱོང་འདི་ལྟར་གནང་གྲུབ་རྗེས་བོད་དོན་དང་འགྲོ་བ་རིགས་དྲུག་སོགས་གང་ལ་ཕན་འདོགས་དགོས་མིན་ནི་སོ་སོ་ལ་དྲི་བ་ཡིན་ཚུལ་སོགས་གསུངས་སོང་།

དེ་བཞིན་སྟོད་རྒྱུད་གྲྭ་ཚང་གི་མཁན་ཆེན་ཐུབ་བསྟན་བསྟན་འཛིན་གྱིས་གསུང་དོན། གཙོ་བོ་གལ་ཆེ་ཤོས་ནི་༧གོང་ས་མཆོག་གི་དགོངས་གཞི་དག་ནི་ཕུགས་ཐག་རིང་པོར་དགོངས་པ་བཞེས་ཏེ་བཀའ་གནང་བ་ཡིན་པར་བརྟེན། དེ་ལ་བསླུ་བ་མེད་པས་དགོངས་གཞི་བསྒྲུབ་རྒྱུ་དེ་གལ་ཆེ་སྐོར་དང་། བཙུན་མ་རྣམས་ཀྱིས་ལོ་མང་རིང་སློབ་གཉེར་གནང་སྟེ་སྔགས་ཀྱི་སྐོར་རྟགས་གསལ་གཏོང་སྐབས་གཞུང་ལ་གོ་བ་དང་ཐོས་རྒྱ་སོགས་ཡིད་སྨོན་སྐྱེ་དགོས་པ་བྱུང་ཚུལ་དང་། གཞན་ཡང་གནའ་དེང་གི་སློབ་སྦྱོང་ཟུང་འབྲེལ་བྱེད་དགོས་ཚུལ་དང་བཤེས་གཉེན་བསྟེན་ཚུལ་གདན་ས་ཁག་ལྟར་བྱ་རྒྱུ་གལ་ཆེ་ཚུལ་སོགས་བཀའ་སློབ་ལམ་སྟོན་རྒྱ་ཆེར་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་གྱིས་གསུང་དོན། སྔོན་མ་བོད་ནང་དུ་བཙུན་མའི་དགོན་པ་༧༠༠ ལྷག་ཙམ་ཡོད་ཀྱང་ཕལ་ཆེ་ཤོས་སྒྲུབ་ཕྱོགས་ཡིན་པས་གཞུང་ཆེན་སློབ་སྦྱོང་གནང་སྟེ་དགེ་བཤེས་མཚན་རྟགས་བཞེས་པ་དེ་གྲྭ་པ་ཚོ་ལས་ལུགས་སྲོལ་མེད་ཀྱང་། བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གི་བཀའ་དགོངས་ལྟར་བཙུན་མ་རྣམས་ཀྱང་གྲྭ་པ་བཞིན་སློབ་སྦྱོང་གནང་རྒྱུ་བྱུང་སྐོར་སོགས་དང་། དེ་བཞིན་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ལྟར་སྔགས་སློབ་གཉེར་གནང་བ་ཡག་པོ་བྱུང་ཚུལ། དུས་རབས་ཉེར་གཅིག་ལ་བསྟན་པའི་བྱ་བ་ཇི་ལྟར་བསྒྲུབ་དགོས་པ་དང་དུས་དང་མཐུན་པར་ཆོས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་བྱ་རྒྱུ་གལ་ཆེ་ཚུལ་སོགས་གསུངས་སོང་།

བཙན་བྱོལ་ནང་གྲྭ་རྒྱུན་སྐོར་གསུངས་དོན། སྤྱིར་བཙན་བྱོལ་ནང་གྲྭ་རྒྱུན་ལོ་རེ་ནས་ཉུང་དུ་འགྲོ་ཡི་ཡོད་ཚུལ་དང་ད་ལྟའི་ཆར་བཙན་བྱོལ་ནང་གི་གྲྭ་རྒྱུན་བརྒྱ་ཆ་༦༧ ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པ་དང་། བརྒྱ་ཆ་༢༢ བོད་ནས་ཡོང་བ་ཡིན་ཚུལ་སོགས་དང་གང་ཡོད་པ་དེར་རྩ་ཆེན་བརྩིས་ནས་ལྟ་གཏོགས་གནང་དགོས་ཚུལ་དང་མི་གྲངས་ཉུང་ཡང་འཛིན་སྐྱོང་སྤེལ་གསུམ་དེ་མ་ཉམས་རྒྱུད་འཛིན་བྱ་རྒྱུ་གལ་ཆེ་ཚུལ་སོགས་གསུངས་སོང་།

མཇུག་དེར་དགའ་ཆོས་གླིང་གི་མཁན་པོས་༧གོང་ས་མཆོག་གིས་སློབ་སྦྱོང་གནང་དགོས་པར་བཀའ་སློབ་ཕེབས་ཀྱི་ཡོད་པ་བཞིན་སློབ་སྦྱོང་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་ཀྱི་གསུང་བཤད་གནང་རྗེས་མཛད་སྒོ་གྲུབ་སོང་།

བཙུན་མའི་དགེ་བཤེས་མ་ཐོག་མར་༢༠༡༦ ལོར་ཐོན་པ་དང་དེ་ནས་བཟུང་༢༠༡༧ དང་༢༠༡༨ བཅས་རིམ་གྱིས་ཐོན་བཞིན་ཡོད་འདུག་ལ། དགེ་བཤེས་མ་ཐོན་རྗེས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ལོ་རེར་སྔགས་ཀྱི་སློབ་གཉེར་གནང་གི་ཡོད་པ་རེད། ད་བར་དགེ་བཤེས་མ་༣༦ ཙམ་ཡོད་པ་དང་སྔགས་ཀྱི་སློབ་གཉེར་ནང་ཞུགས་མཁན་༢༣ ཡོད་པ་ལས། གཉིས་དགོངས་ཞུ་བྱས་པར་བརྟེན་ད་ཐེངས་དངོས་སུ་ཐོན་མཁན་༢༡ ཡོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༣༤༩ ཀློག་གྲངས།