བྷོ་ཊིའི་སྐད་ཡིག་དེ་རྩ་ཁྲིམས་ནང་འཇུག་རོགས་ཞེས་སྲིད་བློན་ལ་སྙན་ཞུ་ཕུལ།

ལྡི་ལིར་རྟེན་གཞི་བྱས་པའི་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་རྒྱ་གར་རྩ་ཁྲིམས་དོན་ཚན་༨ པའི་ནང་བྷོ་ཊིའི་ཡི་གེ་འཇུག་རོགས་ཞེས་སྲིད་བློན་མོ་དྷིས་ལ་སྙན་ཞུ་ཕུལ་པ་དང་། བོད་ཡིག་ལ་ནམ་རྒྱུན་ས་གནས་དེར་བར་ལམ་ནས་བྷོ་ཊིའི་ཡི་གེ་ཟེར་གྱི་ཡོད་པ་རེད།

ཟླ་འདིའི་ཚེས་༣༠ ཉིན་ཧི་མ་ལ་ཡའི་ནང་པའི་ཆོས་རིག་འཛིན་སྐྱོང་ཚོགས་པས་མོ་དྷིས་ལ་སྙན་ཞུ་ཞིག་ཕུལ་བའི་ནང་དུ། རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་ཞི་བདེ་སོགས་ཀྱི་ཐད་ལ་གྲུབ་འབྲས་ཆེན་པོ་བྱུང་བར་འཚམས་འདྲི་ཞུས་ཡོད་པ་དང་། དེ་བཞིན་བྷོ་ཊིའི་ཡི་གེ་འདི་ལ་བརྩི་འཇོག་དང་དོ་སྣང་བྱས་ཏེ་ཚད་མཐོའི་སྐད་ཡིག་གཅིག་ཏུ་ངོས་བཟུང་བའི་ཐོག་ནས་རྩ་ཁྲིམས་དོན་ཚན་༨ པའི་ནང་དུ་འཇུག་དགོས་པར་རྒྱ་གར་ནང་གི་ཧི་མ་ལ་ཡའི་མི་མང་གི་རེ་སྐུལ་ཡིན་པར་ཞུས་ཡོད་པ་དང་། གཞན་ཡང་སླེབ་ལ་ཉེ་བའི་འོས་བསྡུའི་སྔོན་དུ་མོ་དྷིའི་ལ་དྭགས་སོགས་སུ་ཕེབས་སྐབས་མི་མང་ལ་འོས་བསྡུའི་སྐོར་དྲིལ་བསྒྲགས་བྱེད་རོགས་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

རྩ་ཁྲིམས་དོན་ཚན་༨ བརྒྱད་པའི་ནང་གཞུང་གི་སྐད་ཡིག་སྐོར་ཡིན་ཞིང་ད་ལྟ་གཞུང་ཞིག་ཏུ་ཚུད་པ་༢༨ ཡོད་པ་དང་། དེའི་ནང་ཚུད་པར་རེ་སྐུལ་གྱིས་སྒུག་མཁན་སྐད་ཡིག་༤༢ ལྷག་ཡོད་འདུག

གལ་སྲིད་སྐད་ཡིག་དེ་དག་གཞུང་ཡིག་༢༨ ནང་དུ་ཚུད་པ་ཡིན་ན་ཡིག་ཚད་གཏོང་སྐབས་སོ་སོའི་སྐད་ཡིག་ཐོག་ནས་གཏོང་ཆོག་གི་ཡོད་པ་རེད།།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༠༡༧ ཀློག་གྲངས།