བོད་ཀྱི་འབྲས་ནད་ཚོགས་པ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་སུ་དེབ་སྐྱེལ་ཐུབ་འདུག

གཞུང་འབྲེལ་མིན་པའི་བོད་ཀྱི་འབྲས་ནད་ཚོགས་པས་སུད་སི་ཇེ་ནི་ཝེར་ལ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་སུ་དེབ་སྐྱེབ་བྱས་པ་ལྟར་ངོས་ལེན་གནང་སྟེ་གཞུང་འབྲེལ་ཡི་གེ་དང་ལག་ཁྱེར་ཐོབ་འདུག

ཟླ་འདིའི་ཚེས་༢ ཉིན་བོད་ཀྱི་འབྲས་ནད་ཚོགས་པས་བོད་ཀྱི་གསོལ་མགྲོན་ཁང་གི་ཐོག་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང་། སྐབས་དེར་འབྲས་ནད་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེས་དེབ་སྐྱེལ་བྱེད་སྟངས་དང་ལག་ཁྱེར་ཐོབ་ཚུལ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། ལོ་སྔོན་མར་མ་ལི་ཤི་ཡར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཤིག་ཚོགས་ཡོད་པ་དང་། དེ་དུས་བོད་ཀྱི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མི་ཤིག་མཉམ་ཞུགས་ཐུབ་ཡོད་པས་སྐབས་དེར་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཚོགས་མིར་ཚུད་ཐབས་སྙན་ཞུ་བྱས་ཡོད་འདུག དེ་རྗེས་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་མུ་མཐུད་ཚུར་འབྲེལ་བ་གནང་བར་བརྟེན། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་ལས་ཀ་ག་རེ་བྱས་མིན་དང་རྩིས་ཁྲ། དེ་བཞིན་དེབ་སྐྱེལ་བཅས་ཕུལ་པས་ཟླ་བ་གཅིག་གི་རྗེས་སུ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱིས་སྙན་ཞུ་དེར་ངོས་ལེན་གནང་ཡོད་པ་དང་། ༢༠༡༩ ཟླ་༡ པོའི་ཚེས་༥ ལ་དེབ་སྐྱེལ་ངོས་ལེན་དང་ལག་ཁྱེར། གཞུང་འབྲེལ་ཡི་གེ་བཅས་ཐོབ་པ་ཡིན་འདུག

ལོ་འདིའི་ཕྱི་ཟླ་༣ པའི་ནང་ཨེ་ཤི་ཡའི་འབྲས་ནད་སོགས་ཀྱི་མཁས་དབང་མང་པོ་མཉམ་འཛོམས་ཀྱིས་ཨེ་ཤི་ཡའི་འབྲས་ནད་ཀྱི་གྲོས་ཚོགས་ཤིག་སིང་ག་པུར་དུ་འཚོགས་རྒྱུ་ཡིན་པ་དེར། བོད་ཀྱི་འབྲས་ནད་ཚོགས་པ་མགྲོན་འབོད་བྱས་ཡོད་པས་དེའི་སྐབས་སུ་བོད་པའི་མིང་ཐོག་ནས་མཉམ་ཞུགས་ཐུབ་རྒྱུ་ཡིན་པ་མ་ཟད། ཁོང་ཚོ་དང་ཟུང་འབྲེལ་གྱིས་བཙན་བྱོལ་ནང་གི་འབྲས་ནད་ཀྱི་དཀའ་ངལ་སེལ་ཐབས་དང་མ་འོངས་པའི་ལས་འཆར་སོགས་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་། གཞན་ཡང་ཕྱི་ཟླ་༡༠ ནང་ཁ་སག་སི་ཐན་དུ་ཉིན་གསུམ་གྱི་རིང་རྒྱལ་ཁབ་འདྲ་མིན་ནས་མི་༣༥༠ མཉམ་ཞུགས་ཀྱིས་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཤིག་འཚོགས་རྒྱུ་ཡིན་པས། དེའི་དུས་སུ་བོད་ཀྱི་འབྲས་ནད་ལྷན་ཚོགས་ཀྱིས་བོད་པའི་ངོ་བོ་མཚོན་པར་བྱས་ཏེ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

འགན་འཛིན་ཚུལ་ཁྲིམས་རྡོ་རྗེས་འགྲེལ་བརྗོད་གནང་དོན། ད་ལྟའི་ཆར་བཙན་བྱོལ་ནང་འབྲས་ནད་ཀྱིས་འདས་གྲོངས་སོང་བ་མང་ཤོས་ཆགས་ཀྱི་ཡོད་པར་བརྟེན། དེ་དག་མ་སོང་སྔོན་དུ་ལས་འཆར་སོགས་བཟོས་ཏེ་རྒྱལ་སྤྱིའི་འབྲས་ནད་ལྷན་ཚོགས་ཀྱི་ཉིན་མོར་ཁོང་ཚོ་དང་མཉམ་དུ་གྲོས་བྱས་ཏེ། ཁོང་ཚོའི་ངོས་ནས་ཐབས་ལམ་ག་རེ་འདུག་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་ཡོད་སྐོར་དང་། དེ་བཞིན་འབྲས་ནད་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བོད་པའི་ངོ་བོ་མཚོན་པར་བྱ་རྒྱུ་དང་བོད་དོན་དྲིལ་བསྒྲགས་ཀྱང་མཉམ་དུ་ཐུབ་རྒྱུ་ཡིན་སྐོར་གསུངས་སོང་།

གསར་འགོད་པས་བོད་ཀྱི་འབྲས་ནད་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གྱི་སྐོར་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལ་འདྲི་སྐབས། སྔོན་མ་ཁོང་རྒྱ་གར་གྱི་འབྲས་ནད་ཚོགས་པའི་ལས་ཁུངས་ཤིག་ཏུ་ལས་ཀ་བྱེད་སྐབས་རྒྱལ་ཁབ་གཞན་ཁག་ལ་འབྲས་ནད་ཚོགས་པ་ཡོད་ཀྱང་། བོད་པའི་སྤྱི་ཚོགས་སུ་འདི་འདྲ་མེད་པ་དོ་སྣང་བྱུང་རྗེས་ཚོགས་པ་འདི་བཙུགས་པ་དང་། དེ་རྗེས་སྲིད་སྐྱོང་མཆོག་དང་སྐུ་ངོས་བཀྲ་ཤིས་དབང་འདུས་སོགས་ཀྱི་ལམ་སྟོན་དང་རྒྱབ་སྐྱོར་ལ་བརྟེན་ནས་མུ་མཐུད། དེ་བཞིན་ལོ་གསུམ་གྱི་རིང་འགྲོ་གྲོན་ཡང་སོ་སོའི་གླ་ཆ་དང་ཚོང་བརྒྱབ་ནས་བཏང་བ་ལས་ཞལ་འདེབས་བསླངས་པ་སོགས་བྱས་མེད་སྐོར་དང་། བོད་ཀྱི་ཚོགས་པའི་ངོས་ནས་ནད་པ་སུ་ཞིག་ལ་རིན་མེད་སྨན་བཅོས་ཀྱི་རོགས་པ་བྱས་ཀྱང་པར་ཁྱབ་བསྒྲགས་སོགས་བྱེད་ཀྱི་མེད་པ་མ་ཟད། ཨེམ་ཆི་མཁས་པ་དེ་འདྲ་གདན་འདྲེན་ཞུས་ཏེ་ནད་པར་བརྟག་དཔྱད་གནང་གི་ཡོད་སྐོར་གསུངས་པ་མ་ཟད། བོད་པའི་སྤྱི་ཚོགས་སུ་འབྲས་ནད་ཀྱིས་མི་གྲོངས་མང་ཤོས་སུ་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

བོད་ཀྱི་འབྲས་ནད་ཚོགས་པ་ནི་༢༠༡༤ ལོ་མཇུག་ཏུ་འགོ་བཙུགས་ཏེ་༢༠༡༥ ལོར་དེབ་སྐྱེལ་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱལ་ཁབ་འདྲ་མིན་ནས་ཚོགས་མི་༤༠ གྲུབ་པ་ཞིག་ཡིན་འདུག ད་བར་སྦེལ་ཀོབ། ཧུན་སོར། མོན་གྷོ་ཊི་དང་ལྡི་ལི་སོགས་གཞིས་ཆགས་ཁག་ཏུ་མི་༣༠༠༠ ཙམ་ལ་འབྲས་ནད་བརྟག་དཔྱད་དང་སྨན་བཅོས། གོ་རྟོགས་སྤེལ་བ་བཅས་བྱས་འདུག་པ་དང་། མི་འགྱང་བར་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་གྱི་གཞིས་ཆགས་ཁག་དང་སྦིར་ཕྱོགས་ཀྱི་གཞིས་ཆགས་ཁག དེ་བཞིན་བཀྲ་ཤིས་ལྗོངས་དང་རྡ་རམ་ས་སོགས་སུ་འབྲས་ནད་ཀྱི་གོ་རྟོགས་དང་སྨན་བཅོས་བཅས་ལ་རོགས་པ་བྱ་རྒྱུའི་ལས་འཆར་ཡོད་འདུག
འབྲས་ནད་ཀྱིས་མནར་བའི་ནད་པ་དཀའ་ངལ་ཅན་ཡོད་ཚེ་བོད་ཀྱི་འབྲས་ནད་ཚོགས་པར་འབྲེལ་བ་གནང་ཐུབ་ན་ཁོང་རྣམས་ཀྱིས་རོགས་པ་གང་ཐུབ་གནང་གི་ཡོད་འདུག །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༩༧༩ ཀློག་གྲངས།