ཏུར་ཀི་ཡིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་འདུག

རྒྱ་ནག་གི་ཡུ་གུར་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ལྟེ་གནས་ཁང་ཁག་ནང་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ལ། ཏུར་ཀི་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་བྱས་ཏེ་བཀག་ཉར་ཁང་དེ་རིགས་སྒོ་རྒྱག་དགོས་པའི་སྐུལ་མ་བྱས་ཡོད་པ་དེ། ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་གཅིག་གིས་རྒྱ་ནག་ལ་གནད་དོན་དེའི་ཐོག་སྐྱོན་བརྗོད་བྱེད་མཁན་ཐོག་མར་དེ་ཆགས་ཡོད་འདུག

ཟླ་༡ པོའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། རྒྱ་ནག་གིས་འཇིགས་སྐུལ་རིང་ལུགས་པ་དང་མཁྲེགས་འཛིན་ཕྱོགས་ལྷུང་གི་ལྟ་བར་འཐབ་རྒོལ་བྱེད་ཆེད་དང་། དེ་བཞིན་ལག་ཤེས་སྦྱོང་བརྡར་ཆེད་དུ་བཙུགས་པ་ཡིན་སྐོར་བརྗོད་བཞིན་པའི་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་ལྟེ་གནས་ཁང་ཁག་ཏུ། ཁ་ཆེ་ཡུ་གུར་བ་སོགས་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་བཙན་དབང་ཐོག་བཀག་ཉར་བྱས་ཏེ། ཆབ་སྲིད་སློབ་གསོ་སྤྲོད་བཞིན་པའི་གནས་ཚུལ་ལ། རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྐྱོན་བརྗོད་དང་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེན་བཏོན་ཡོད་ཀྱང་། བརྒྱུད་ལམ་ཁག་ཏུ་ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་ཁག་གིས་གནད་དོན་དེའི་ཐོག་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད། འོན་ཀྱང་ཟླ་༡ པོའི་ཚེས་༩ ཉིན་ཏུར་ཀི་རྒྱལ་ཁབ་ཀྱིས་རྒྱ་ནག་གི་བྱེད་སྟངས་དེ་ནི་འགྲོ་བ་མིའི་རིགས་ལ་ངོ་ཚ་དགོས་པའི་བྱེད་སྟངས་ཤིག་ཡིན་པས། ཆབ་སྲིད་སློབ་གསོའི་ལྟེ་གནས་ཁང་དེ་རིགས་སྒོ་རྒྱག་དགོས་པའི་སྐུལ་མ་བྱས་ཡོད་པ་རེད། དེ་ནི་ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་གཅིག་གིས་རྒྱ་ནག་ལ་གནད་དོན་དེའི་ཐོག་སྐྱོན་བརྗོད་བྱེད་མཁན་ཐོག་མར་དེ་ཆགས་ཡོད་འདུག་ཀྱང་། རྒྱ་ནག་གིས་རྒྱུན་ལྡན་ལྟར་སྐྱོན་བརྗོད་དེར་ཁས་ལེན་བྱས་མི་འདུག

ཏུར་ཀི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གིས་ཁྲིམས་མེད་ལུགས་མེད་ཀྱི་ཐོག་ནས་ཡུ་གུར་མི་རིགས་ས་ཡ་གཅིག་ལས་མང་བ་བཀག་ཉར་བྱས་ཡོད་པ་དང་། ཁ་ཆེ་མི་རིགས་ཚོར་གནོན་ཤུགས་དང་རྒྱ་ནག་གཞུང་གི་ཐབས་བྱུས་འོག་མི་རིགས་མཉམ་བསྲེས་ཀྱི་ཉེན་ཁ་འཕྲད་བཞིན་ཡོད་སྐོར་བརྗོད་ནས། བཀག་ཉར་འོག་ཡོད་པའི་ཁ་ཆེ་བ་རྣམས་ཁྲིམས་མེད་ལུགས་མེད་ཐོག་ནས་འཛིན་བཟུང་བྱས་པ་ཡིན་ཁར། སྡུག་སྦྱོང་མནར་གཅོད་དང་བཙན་གནོན་འོག་ཆབ་སྲིད་བཅོས་བསྒྱུར་མྱངས་ཀྱི་ཡོད་པའི་གནས་ཚུལ་ནི་གསང་བ་ཞིག་མིན་པས། རྒྱ་ནག་གཞུང་གི་ཡུ་གུར་ཁ་ཆེ་མི་རིགས་རྣམས་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་གུས་བརྩི་བྱས་ཏེ། བཀག་ཉར་ཁང་དེ་རིགས་སྒོ་རྒྱག་པའི་སྐུལ་མ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རུ་ཐཱེ་ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་ཏུར་ཀི་ཡི་བྱ་སྤྱོད་ལ་བསྟོད་བསྔགས་བྱས་ཏེ། རྒྱ་ནག་གིས་ཡུ་གུར་ཁ་ཆེ་མི་རིགས་རྣམས་ལ་མནར་གཅོད་ཚབས་ཆེན་བྱེད་ཀྱི་ཡོད་པ་དེར། ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་གཅིག་གིས་ཐད་ཀར་སྐྱོན་བརྗོད་བྱེད་མཁན་ཐོག་མར་ཏུར་ཀི་ཆགས་པ་ནི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ཏུར་ཀི་ཁ་ཆེ་མང་མོས་ཀྱི་རྒྱལ་ཁབ་སྟོབས་ཆེ་ཤོས་གྲས་ཤིག་ཡིན་པས། རྒྱལ་ཁབ་གཞན་རྣམས་ཏུར་ཀི་ལ་གནད་དོན་དེའི་ཐོག་རྒྱབ་སྐྱོར་བྱེད་པའི་དུས་ཚོད་སླེབས་ཡོད་སྐོར་བརྗོད་འདུག

ཏུར་ཀི་ལ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཏུར་ཀིའི་སྐྱོན་བརྗོད་ལ་ལན་འདེབས་རིང་པོ་ཞིག་སྤེལ་ནས། སྐྱོན་བརྗོད་དེ་དག་ནི་བདེན་པ་མིན་པ་དང་། ཏུར་ཀི་གཞུང་ལ་སྐྱོན་བརྗོད་དེ་དག་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བྱས་ཡོད་འདུག དེ་བཞིན་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་དང་ཁ་ཆེ་མི་རིགས་གཞན་རྣམས་ཀྱི་མི་རིགས་དང་ཆོས་ལུགས། རིག་གཞུང་བཅས་ཀྱི་ངོ་བོ་རྩ་གཏོར་གཏོང་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དེ་ནི་ཁུངས་ལུང་མེད་པ་ཡིན་སྐོར་བརྗོད་འདུག

ཕྱི་ལོ་༢༠༡༨ ལོའི་ཟླ་༡༠ པའི་ནང་ཡུ་གུར་ས་གནས་སྲིད་གཞུང་གིས་ཁུལ་དེའི་ཁྲིམས་ཀྱི་དོན་ཚན་༣༣ བསྐྱར་བཅོས་བྱས་ཏེ། ལག་ཤེས་སྦྱོང་བརྡར་ལྟེ་གནས་ཁང་ལྟ་བུའི་ལྟེ་གནས་ཁང་སོགས་ཀྱིས། སྦྱོང་བརྡར་བྱེད་མཁན་རྣམས་ལ་རྒྱ་ཡིག་དང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག དེ་བཞིན་ལག་ཤེས་བཅས་ལ་སྦྱོང་བརྡར་སྤྲོད་དགོས་པ་དང་། ཆོས་ལུགས་ཀྱི་ཐལ་ཆེའི་ལྟ་བ་ལ་འཐབ་རྒོལ་གྱི་སློབ་གསོ་སྤྲད་དགོས་པ། དེ་བཞིན་སྤྱོད་པ་དང་སེམས་ཁམས་ལ་བཅོས་བསྒྱུར་བཏང་སྟེ། སྦྱོང་བརྡར་པ་རྣམས་སྤྱི་ཚོགས་དང་ནང་མིར་ཕྱིར་ལོག་ཐུབ་པའི་རམ་འདེགས་བྱེད་དགོས་སྐོར་བཀོད་ནས། བྱེད་ལས་སུ་ཆབ་སྲིད་སློབ་གསོ་བཅོས་བསྒྱུར་བྱེད་ཆེད་ཀྱི་བཀག་ཉར་ཁང་ཡིན་ཡང་མིང་དུ་ལག་ཤེས་སྦྱོང་བརྡར་ཁང་བཏགས་ཡོད་པ་རྣམས་ཁྲིམས་མཐུན་བཟོས་ཡོད་པ་དང་། ཕྱི་ལོ་༢༠༡༧ ལོར་ རྒྱ་ནག་གིས་ཡུ་གུར་ས་གནས་སུ་ཁ་ཆེའི་བུད་མེད་རྣམས་ཀྱི་གདོང་ཁེབ་དང་། སྐྱེས་པ་རྣམས་ཀྱི་རྒྱ་རིང་པོ་འཇོག་པ་བཅས་ལ་བཀག་སྡོམ་དང་ཁྲིམས་འགལ་བཟོས་ཡོད་པ་རེད།

ཡུ་གུར་མི་རིགས་དང་ཁ་ཆེ་མི་རིགས་ས་ཡ་གཅིག་ལས་མང་བ་བཀག་ཉར་བྱས་པའི་གནས་ཚུལ་ལ། རྒྱལ་སྤྱིའི་ནང་སྐྱོན་བརྗོད་བྱེད་མཁན་རྒྱལ་ཁབ་དང་ཚོགས་པ་མང་པོ་ཞིག་བྱུང་ཡོད་ཀྱང་། ཁ་ཆེ་མང་མོས་ཡིན་པའི་རྒྱལ་ཁབ་ཁག་མང་པོ་ཞིག་གི་ཚོང་འབྲེལ་བྱེད་ཡུལ་ཆེ་ཤོས་རྒྱ་ནག་ཡིན་པས། གནད་དོན་དེའི་ཐོག་སྐྱོན་བརྗོད་བྱེད་མཁན་ད་བར་ཏུར་ཀི་ལས་བྱུང་མེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༡༩༠༥ ཀློག་གྲངས།