ཏཱ་ལའི་རུ་ཚོགས་དང་གཏོར་བཤིག་གཏོང་མཁན་སྣ་ཚོགས་ལྗོངས་ནང་ཁུལ་དུ་རྟེན་ས་གབ་ས་མེད་པ་བཟོ་དགོས་ཟེར།

ཉེ་ཆར་རང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་ཏིང་ཡེ་ཤན་ཟེར་བ་དེས་“ཁྲིམས་དང་མི་མཐུན་པའི་སྒྲིག་འཛུགས་དང་མགོ་གཉིས་མ་རྩད་གཅོད་མཐའ་གསལ་དང་འབྲེལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་དང་གཏོར་བཤིག་གཏོང་མཁན་སྣ་ཚོགས་ལྗོངས་ནང་ཁུལ་དུ་རྟེན་ས་གབ་ས་མེད་པ་བཟོ་དགོས”་ཞེས་བརྗོད་འདུག

ཕྱི་ལོ་༢༠༡༩ ཟླ་༢ ཚེས་༡༡ ཉིན་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ་ཟེར་བར་སྤེལ་བའི་གནས་ཚུལ་དུ། ཟླ་འདིའི་ཚེས་༨་ཉིན་ཏིང་ཡེ་ཤན་ཟེར་བ་དེས་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་འཐབ་ས་དང་པོའི་སྡོད་བྱའི་སྣེ་ཁྲིད་དང་ལས་སྒྲུབ་ལས་གྲབས་ཀྱི་ལས་དོན་མི་སྣ་ཞེས་པར་ལྟ་བར་ཡོང་སྟེ། ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཞེས་པའི་སྐོར་ལ་བཀོད་སྒྲིག་དང་ནན་བརྗོད་བྱས་འདུག

ཏིང་ཡེ་ཤན་གྱིས་“འཐབ་ས་དང་པོའི་ལས་དོན་མི་སྣས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ། རང་ཉིད་ཀྱི་དཀའ་སྤྱད་སྙིང་རུས་ལ་བརྟེན་པ་བཅས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་བདེ་འཇགས་སྔར་བས་ཡོང་ཐབས་བྱས་ཡོད”། ཅེས་དང་། ལྷག་པར་དུ་ཉེ་ཆར་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་ཁག་གཅིག་ལ་གངས་ཆེན་པོ་བབས་པས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་སྒུག་པ་དང་བརྟེན་ནས་མ་བསྡད་པར་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། འཕྲལ་སྡོམ་སྔོན་ཇུས་དུས་ཐོག་ཏུ་ལག་ལེན་བསྟར་བ། འཕྲལ་དུ་ཉེན་སེལ་གེགས་སེལ་བྱེད་པ་བཅས་ཀྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད་”ཚུལ་བརྗོད་འདུག

དེ་བཞིན་ཏིང་ཡེ་ཤན་གྱིས་བརྟན་ལྷིང་སྐོར་བཤད་དོན། “གྲོང་ཁྱེར་དང་ས་ཁུལ་ཁག་དང་རིམ་པ་ཁག་དང་སྡེ་ཚན་ཁག་ལ་མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ་དང་། བརྟན་ལྷིང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། གནད་དོན་མི་ལྷག་པ་མཐའ་ཚད་དང་མཐའ་མའི་དམིགས་ཚད་དུ་འཛིན་པ། ཏང་སྲིད་དམག་ཉེན་དམངས་ཀྱི་མཉམ་འགོག་མཉམ་འགུལ་མཉམ་འཛིན་གསུམ་གྱི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་”ཞེས་དང་། “ཆེད་དོན་འཐབ་རྩོད་གསུམ་ཟབ་ཏུ་གཏོང་བ་དང་། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། ཁྲིམས་དང་མི་མཐུན་པའི་སྒྲིག་འཛུགས་དང་མགོ་གཉིས་མ་རྩད་གཅོད་མཐའ་གསལ་དང་འབྲེལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་ལ་བརྟེན་ནས་ཏཱ་ལའི་རུ་ཚོགས་དང་གཏོར་བཤིག་གཏོང་མཁན་སྣ་ཚོགས་ལྗོངས་ནང་ཁུལ་དུ་རྟེན་ས་གབ་ས་མེད་པ་བཟོ་དགོས་”ཞེས་བརྗོད་འདུག

གཙོ་གནད་ས་ཁུལ་དང་མཐའ་མཚམས་སོགས་ལ་དོ་དམ་ཚོད་འཛིན་གྱི་ཤུགས་སྣོན་རྒྱག་དགོས་པར་བརྗོད་དོན། “ཁོངས་གཏོགས་ས་ཆའི་འགན་འཁྲི་དང་བྱེད་པོའི་འགན་འཁྲི་ཕྲག་ཏུ་ཏན་ཏིག་འཁུར་བ་དང་འཕྲལ་སྡོམ་ཐག་གཅོད་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཏེ་འཕྲལ་སྡོམ་ཐག་གཅོད་དང་གྲ་སྒྲིག་ལས་དོན་ནུས་ལྡན་སྤེལ་བའི་འགན་ལེན་བྱེད་དགོས་པ། གཙོ་གནད་ས་ཁུལ་དང་། གཙོ་གནད་གནས་ས། མཐའ་མཚམས་གཉིས་དང་ལམ་རྒྱུད་གཅིག བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་སྒྲུབ་དང་བདེ་འཇགས་དོ་དམ་སོགས་ཀྱི་བྱེདཐབས་སྤྱོད་ཤུགས་ཆེ་རུ་བཏང་སྟེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཆད་ལུས་མེད་པ་དང་གསང་མ་ལུས་པའི་སྒོ་ནས་ཡག་པོ་སྒྲུབ་དགོས་པ། བརྟན་ལྷིང་སྲུང་སྐྱོང་གི་ཆོས་ཉིད་ཁོང་དུ་བརྟན་པོ་ཆུད་པ་དང་། བདེ་སྡོད་ཉེན་བསམ་དང་དོགས་ཟོན་ཆེར་སྐྱེད། དོན་དངོས་ལ་གཞིགས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་བཤེར་ཐག་གཅོད་དང་ལེགས་སྒྲིག་བཅས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་སྤེལ་བའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་”པ་བཅས་ཀྱི་ནན་བརྗོད་བྱས་འདུག

ལོ་འདིར་རྒྱ་གཞུང་གི་དུས་སྟོན་མང་པོ་ཞིག་མཉམ་དུ་འཁེལ་གྱི་ཡོད་སྟབས་སྤྱི་ཚོགས་བརྟན་ལྷིང་ཐད་ལ་སེམས་འཚབ་ཆེ་ཤོས་ཡིན་པར་མངོན་གྱི་ཡོད་པ་རེད།

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༢༡༤༨ ཀློག་གྲངས།