ཤེས་ཡོན་ལམ་སྣེ་འདྲེན་པོ་དམ་པ་ཞིག་ཕྱི་མའི་ལམ་དུ་གཟིམ་སོང་།

དེ་རིང་གླེང་འདོད་པའི་མི་སྣ་ནི་རྟའུ་བློ་བཟང་དཔལ་ལྡན་ཡིན། ལོ་སར་གྱི་ཚེས་པ་གཉིས་ཀྱི་ཉིན་མོར་ངོ་དེབ་ཁ་ཕྱེས་པས་རྟའུ་བློ་བཟང་དཔལ་ལྡན་མཆོག་སྐུ་གྲོངས་པའི་གནས་ཚུལ་ཐོས་མ་ཐག་ཧ་ཅང་ཕངས་སེམས་ཤིག་དབང་མེད་དུ་སྐྱེས་བྱུང་ཞིང་། དེ་ཡང་གྱ་བརྒྱད་ཡས་མན་གུས་པ་རྒྱ་གར་ལ་སླེབས་ཤིང་། སྐབས་དེ་དུས་ཁོང་གིས་བཏང་བའི་བཞས་དེ་སྐད་གྲགས་ཆེ་བའི་སྒང་རེད་འདུག་ཅིང་། དེ་ནས་རིམ་གྱིས་དྷ་སར་གནས་ཆགས་པ་དང་། སྐབས་དེར་ལས་གླ་སྒོར་མོ་ཉུང་ཉུང་ལས་མེད་ཀྱང་རིམ་བསགས་ནས་སྒྲ་འཛིན་འཁོར་ཐག་སར་པ་ཞིག་ཉོས། ཉིན་ཞིག་དྷ་ས་མེག་གྷན་ཚོང་ཁང་ཞིག་ནས་ཁོང་གིས་བཏང་བས་འཁོར་ཐག་སྤྲིན་འཁོར་དང་པོ་དེ་ཉོས། དུས་དེ་ནས་བཟུང་ནང་ལ་དུས་ཚོད་ནམ་ཡོད་འཁོར་ཐག་དེ་བཏང་ནས་ཉན་གྱི་ཡོད་ཅིང་། དེང་རབས་ཀྱི་རོལ་ཆས་རྣམ་པ་ཡོད་པའི་ཐོག དེ་ལས་ཀྱང་གསུང་སྐད་སྙན་པ་དང་། གཞས་ཚིག་རྣམས་གོ་སླ་བ་དང་། གཞས་ཚིག་ལ་གོ་བ་གཏིང་ཟབ་ཡོད་པ་ཧ་ཅང་གི་དོན་སྙིང་ལྡན་པ་ཞིག་རེད།

ལྷག་པར་དམ་པ་ཁོང་གི་འཁོར་ཐག་དེ་དག་བོད་ཕྱི་ནང་གཉིས་ཀྱིས་མི་རྣམས་ཀྱིས་དགའ་མོས་ཆེན་པོ་གནང་ནས་ཧ་ཅང་འགྲོ་རྒྱུག་ཡག་པོ་བྱུང་ཡོད་ཅིང་། འཁོར་ཐག་ཚོང་བའི་རིན་པ་དེ་དག་ཆ་ཚང་ཤེས་རིག་ཐོག་ཏུ་བཏང་ཡོད་པ་རེད་ཟེར། དེ་ཡང་འབྲེལ་ཡོད་པའི་གསུང་ལས། “ཁོང་གིས་སྙན་རྩོམ་བྲིས་པ་དང་། གཞས་གསར་རྩོམ་གནང་བ། གཞས་གཏོང་བ་བཅས་ལས་སྤྲིན་འཁོར་ཞེས་པ་དེ་མིག་སྔར་ཐེངས་བཞི་འགྲེམས་སྤེལ་གནང་བ་རེད། རྒྱ་ཆེའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་དང་ལྷག་དོན་གཞིས་ལུས་བོད་པའི་ནང་ཁོང་གི་སྤྲིན་འཁོར་དང་པོའི་གཞས་”གནམ་གོང་གི་ཉི་ཟླ་”ཞེས་པ་དེ་ཧ་མ་གོ་མཁན་ཧ་ལམ་མེད། སྤྲིན་འཁོར་ཚོང་འགྲེམས་ཡག་པོ་བྱུང་བས་དེའི་ཡོངས་འབབ་རྣམས་བོད་གཞུང་ཤེས་རིག་ལྷན་ཁང་དང་བོད་ཁྱིམ་ལ་ཕུལ་གནང་ཡོད།”ཅེས་གསུང་བ་ལྟར། བོད་གཞུང་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ལོ་རྒྱུས། ཕྱི་ལོ་༡༩༨༥ ལོའི་ལས་དོན་ཆེ་ཞེས་པའི་ཤོག་གྲངས་༡༥༦ ནང་ལ་འཁོད་དོན་ལས། “འདི་ག་ལས་ཁུངས་ཀྱིས་ཡོ་རོབ་ཁུལ་དུ་བཞུགས་པའི་བོད་རིགས་རྟའུ་བློ་བཟང་དཔལ་ལྡན་ལགས་སུ་འབོད་སྐུལ་ཞུས་དོན་ལྟར། བདེ་སྐྱིད་གླིང་གི་གཏན་སློབ་གསར་རྒྱག་ཆེད་ཁོང་གིས་གླུ་གཞས་དང་དགོད་བྲོའི་གཏམ་བརྗོད་བཅུག་པའི་སྤྲིན་འཁོར་ཞེས་པའི་སྒྲ་འཛིན་འཁོར་ཐག་སུད་སིར་དུས་འཁོར་དབང་ཆེན་སྩལ་སྐབས་སྤུས་ཚོང་ངལ་ཁུར་དང་ལེན་བྱས་པའི་འབབ་དངུལ་ཧིན་སྒོར་༩༠༢༢༢།༥༠ ཤེས་རིག་ལ་ཕུལ་འབྱོར་བྱུང༌། ཡང་གོང་གསལ་རྟའུ་བློ་བཟང་དཔལ་ལྡན་ལགས་དང་འཇར་མན་བོད་རིགས་ཚོགས་པས་སྤྲིན་འཁོར་ཞེས་པའི་སྒྲ་འཛིན་འཁོར་ཐག་གི་ཕྱི་ཤུབས་མཐུན་འགྱུར་གནང་ཐོག་ནང་གི་གཞས་སོགས་པར་བཤུས་འཁོར་ཐག་སྤུས་ལེགས་ཁྱོན་བསྡོམས་༣༠༠༠ ལྡི་ལིར་བཟོས་ཏེ་རྡོར་གདན་དུ་དུས་འཁོར་དབང་ཆེན་སྩོལ་སྐབས་སོགས་སུ་བཙོང་པར་རིན་འབབ་སྒོར་༥༤༡༢༥།༧༠ བྱུང་བ་རྣམས་གོང་གསལ་དམིགས་ཡུལ་ཐོག་གཏོང་གཏན་འཁེལ།”ཞེས་འཁོད་ལྟར་དམ་པ་ཁོང་གིས་བོད་ཀྱི་ཤེས་རིག་ཐོགས་ལ་དགོངས་པ་གཏིང་ཟབ་བཞེས་སྟངས་གང་འདྲ་ཞིག་ཡོད་པ་ང་ཚོའི་རོབ་ཙམ་རྟོགས་ཐུབ་པ་རེད།

ལྷག་པར་འཁོར་ཐག་དེས་ནང་ལ་གཅེན་གཅུང་གཉིས་དང་འབྲེལ་བའི་གཞས་དེས་ང་ཐེངས་མང་མིག་ཆུ་ཤོར་མྱོང་ཡོད་ཅིང་། འཁོར་ཐག་དེས་བོད་ཕྱི་ནང་གཉིས་ལ་བོད་གཞས་ལ་དོ་སྣང་གསར་པ་ཡོང་བའི་ཤུགས་རྐྱེན་བཟང་པོ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད། དམ་པ་ཁོང་གིས་དལ་ལྷོད་དུ་མ་བཞུགས་པའི་ཐོག་ནས་བོད་མི་རིགས་དང་། ཡང་སྒོས་བོད་མི་རིགས་ཀྱི་སྐད་ཡིག་གསོན་གནས་ཐུབ་ཐབས་ལ་སྐད་ཡིག་སློབ་ཁྲིད་གཅིག་པུ་མ་ཡིན་པ། ཐབས་ལམ་གཞན་པའི་ཐོག་ནས་ན་གཞོན་རྣམས་ལ་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་རེ་དམིགས་ནས་བོད་གཞས་བཏང་གནང་མཛད་ནས་བོད་ཀྱི་སྐད་ཡིག་དར་འཕེལ་ཡོང་བའི་ལས་དོན་གནང་འདུག་སྙམ།

དེ་ཡང་དམ་པ་ཁོང་ནི་མདོ་ཁམས་ཕྱོགས་སུ་འཁྲུངས། སྤྱི་ལོ་༡༩༥༩ ལོར་དྲིན་ཅན་གྱི་ཕ་མ་གཉིས་དང་”མཉམ་དུ་བཙན་བྱོལ་ལ་ཕེབས་རྗེས་ལོ་གཉིས་རིང་ཀ་བློན་ཕུག་ཏུ་ཡོད་པའི་(St. Augustin School) སློབ་གྲྭའི་ནང་སློབ་སྦྱོང་གནང་། དེ་རྗེས་སེམ་ལར་དབུས་བོད་སློབ་ཏུ་སློབ་སྦྱོང་གནང་བ་རེད། ༡༩༦༣ སྟེ་ཁོང་དགུང་ལོ་བཅུ་གཉིས་ལ་ཕེབས་སྐབས་རྗར་མ་ནིའི་ནང་བོད་ཀྱི་ཕྲུག་གུ་ཁག་ཅིག་ལྷན་དུ་སློབ་སྦྱོང་གནང་བར་ཕེབས་ཡོད།”ཅེས་གསལ།

དེ་བཞིན་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་འཕྲོག་བྱས་པ་ཙམ་དུ་མ་ཟད། ད་དུང་རྒྱ་དམར་གྱིས་བོད་མི་རྣམས་ཀྱི་གང་ཡང་འཇོན་གྱི་མ་རེད་ཅེས་འཛམ་གླིང་མི་དམངས་ཀྱི་མདུན་དུ་ཁྲམ་བཤད་བྱེད་ཀྱི་ཡོད། དེ་འདྲའི་གནས་སྟངས་ཤིག་གི་འོག་ཏུ་དམ་པ་ཁོང་གིས་དལ་ལྷོད་དུ་མ་བཞུགས་པར་ཤེས་ཡོན་གྱི་གོ་སྐབས་དེ་དག་དམ་འཛིན་གནང་ནས་”གནའ་བོའི་གྲོང་ཁྱེར་དང་ཡོ་རོབ་ནང་ཆེས་སྔ་ཤོས་གྲས་དང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་གྲྭ་ཧལ་རྡེ་རྦག་(Heildelberg, University)ནང་ནུབ་ཕྱོགས་གསོ་རིག་ལ་སློབ་སྦྱོང་གནང་།

༡༩༧༩ ལོར་གསོ་རིག་སློབ་མཐར་བྱུང་རྗེས་རྗར་མ་ནའི་གྲོང་ཁྱེར་སྣ་མང་ནང་སྨན་པའི་བྱ་བ་སྣ་ཚོགས་གནང་མྱོང་”ཞེས་གསལ་དོན་ལྟར་གཞན་ཕན་བྱ་བ་རླབས་ཆེན་གནང་ཡོད།

སྨན་པའི་སློབ་སྦྱོང་མཐར་ཕྱིན་གནང་བ། མ་ཟད་འཇར་མ་ནིའི་རྒྱལ་ཁབ་ནང་ལ་སྨན་པའི་ལས་དོན་དངོས་སུ་གནང་ནས་མི་མང་ལ་ཕན་ཐོགས་རླབས་ཆེན་གནང་བ་དེས་བོད་མིར་སློབ་སྦྱོང་གི་གོ་སྐབས་རག་ཚེ་གང་རེ་ཡིན་ན་བོད་མིས་བྱེད་ཐུབ་ཀྱི་ཡོད་པ་དཔེ་མཚོན་བཟང་པོ་ཞིག་བསྐྲུན་མཛད་ཡོད་ཅིང་། དེ་བཞིན་དམ་པ་ཁོང་གིས་སོ་སོའི་མི་ཚེ་བདེ་སྐྱིད་བྱུང་ན་དེ་གའི་འགྲིག་པ་ཞིག་ལ་དགོངས་པ་མ་བཞེས་པར་བོད་ནང་གི་དྭ་ཕྲུག་དེ་དག་ལ་སློབ་སྦྱོང་གི་མཐུན་རྐྱེན་ཡོངས་རྫོགས་བསྐྲུན་ཞིང་། དེ་ཡང་ཁོང་དང་འབྲེལ་ཡོད་པའི་གསུང་ལས། “༡༩༩༥ ལོར་ཁོང་དང་ཁོང་གི་སྐུ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་རྟ་བྲག་ཚོགས་པ་གསར་བཙུགས་གནང་ཞིང་ཚོགས་པ་དེའི་ལས་གཞིའི་རྣམ་གྲངས་མང་པོ་ཡོད་པའི་ནང་ནས་བུ་ཕྲུག་ཁྱིམ་སྡེ་དང་སློབ་གྲྭ་སོགས་ཡོད་པ་ལས་མདོ་སྟོད་སྨད་གཉིས་སུ་སློབ་གྲྭ་ཁག་གཉིས་ཡོད། ༢༠༠༨ ལོ་ནས་བཟུང་རྣམ་གྲངས་ཁག་གི་ལས་འགན་རྣམས་ས་གནས་མི་སྣ་ཁག་ལ་སྤྲད་ཡོད།”ཅེས་གསལ་དོན་ལྟར་ལས་དོན་རླབས་ཆེན་གནང་ཡོད་པས་དམ་པ་ཁོང་གི་བོད་རིགས་ལ་བརྩེ་སེམས་བསྐྱངས་པའི་ལས་དོན་རླབས་ཆེན་དེ་དག་བོད་མི་རིགས་ཀྱི་སེམས་ཁོང་ནས་ནམ་ཡང་བརྗེད་ཐབས་མེད་ལ་བརྗེད་མི་སྲིད་པ་ཞིག་རེད།

ལྷག་པར་དམ་པ་ཁོང་གིས་མི་རིགས་ཤིག་འཕེལ་རྒྱས་བསྐྲུན་དགོས་ན་མི་རིགས་དེ་ཉིད་ཀྱི་ན་གཞོན་རྣམས་ལ་སློབ་སྦྱོང་དགོས་པའི་རྒྱུ་མཚན་གཟིགས་ནས་བོད་རིགས་ན་གཞོན་རྣམས་ལ་སློབ་གསོའི་གསོ་སྐྱོང་གནང་བ་རེད་ལ། ལྷག་དོན་ཕ་མ་མེད་པའི་དྭ་ཕྲུག་གིས་ལུས་སེམས་ལ་དཀའ་སྡུག་ག་འདྲ་ཞིག་ཡོད་པ་རང་ཉིད་རྒྱུད་རིམ་དེ་དག་བརྒྱུད་དེ་འཚར་ལོངས་བྱུང་བ་སོང་ཙང་དངོས་ཡོད་རྟོགས་ཀྱི་ཡོད། དཀའ་སྡུག་དེ་དག་ལས་གྲོལ་དགོས་ན་སློབ་སྦྱོང་ནི་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན་པས། དམ་པ་ཁོང་གིས་བོད་ནང་གི་ཁམས་དང་། ཨ་མདོ་ལ་དྭ་ཕྲུག་དུ་མ་ཞིག་ལ་སློབ་གསོའི་མཐུན་རྐྱེན་བསྐྲུན་པ་དེ་རླབས་ཆེན་གྱི་ལས་དོན་ཞིག་ཡིན་པ་ནི་འགྲེལ་བརྗོད་མ་དགོས།

དེ་ཡང་ཁོང་དང་འབྲེལ་ཡོད་པས་གསུང་ལས། “ཁོང་གིས་ཕྱི་ལོ་༡༩༩༥ ལོར་ཁམས་རྟའུ་རྟ་བྲག་དྭ་ཕྲུག་སློབ་གྲྭ་བཙུགས་ནས་དམངས་སྒོར་བྱེ་བ་ལྔ་ཙམ་གྱིས་འགྲོ་གྲོན་བཏང་བ་དང་། ད་ལྟ་ཡང་ལོ་རེ་ལ་དགེ་རྒན་དང་ལས་བཟོ་བའི་ཟླ་ཕོགས་དང་སློབ་མའི་ཟས་གོས་རིན་པ། མཐོ་འབྲིང་དང་སློབ་ཆེན་སློབ་མའི་སློབ་ཡོན་སོགས་དམངས་སྒོར་ས་ཡ་བཞི་ཡས་མས་ཀྱིས་འགྲོ་སོང་བཏང་དང་གཏོང་བཞིན་ཡོད། སློབ་གྲྭ་དེ་ནས་སྐྱེད་སྲིང་བྱས་པའི་དྭ་ཕྲུག་སློབ་མ་སྟོང་ལྷག་གི་ཁྲོད་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་དགེ་རྒན་གྱི་གྲལ་ན་བྱ་བ་ལོན་ཡོད་པའི་སློབ་མ་བརྒྱ་ལྷག་ཡོད་ལ། གཞན་ཡང་རང་རང་གིས་ཁེ་ལས་སོགས་གཉེར་ནས་རང་གཞན་གཉིས་ཕན་ལ་བརྩོན་མཁན་ཧ་ཅང་མང་བོ་ཡོད།” ཅེས་འཁོད་དོན་ལྟར་བོད་རིགས་ཀྱི་བུ་རབས་ཚ་རྒྱུད་རྣམས་ཀྱི་ཤེས་ཡོན་གྱི་ཆེད་དུ་དེ་འདྲའི་ལས་དོན་རླབས་ཆེན་གནང་མཁན་གྱི་དམ་པ་དེ་དང་དེ་འདྲ་བའི་རིགས་ལ་ངེས་པར་རྗེས་དྲན་ཞུ་དགོས་པ་དང་འོས་པ་ཞིག་རེད། རྒྱུ་མཚན་དེ་འདྲའི་འོག་ནས་དམ་པ་ཁོང་ལ་རྗེས་དྲན་སྙིང་ཁོང་ནས་ཞུ་བཞིན་ཡོད། དམ་པ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་དེ་འདྲའི་ལས་དོན་རླབས་ཆེན་གནང་འདུག་སྙམ་པའི་སེམས་ཁོང་ལ་ཡིད་སྨོན་ཚད་མེད་གཅིག་སྐྱེས་བྱུང་།

ང་ཚོའི་སྤྱི་ཚོགས་ནང་ལ་ཚོགས་སྡེ་མང་པོ་ཞིག་གིས་གཟེངས་རྟགས་འབུལ་རྒྱུ་དགའ་མོས་ཡོད་མཁན་ཡོད་རུང་ཤེས་ཡོན་ཐོག་ཏུ་བྱས་པ་ཅན་གྱི་མི་སྣ་དེ་འདྲ་ལ་གཟེངས་རྟགས་འབུལ་བ་ཉིན་མོ་སྐར་མ་ལྟར་བུ་མངོན། གཅིག་བྱས་ན་རང་ཉིད་མཐོང་རྒྱ་ཆུང་བས་སྐྱོན་ཡིན་སྲིད། ཤེས་ཡོན་ཐོག་ཏུ་བྱས་པ་ཅན་གྱི་མི་སྣ་རྣམ་པ་ལ་གུས་བཀུར་མེད་པ་དེ་དག་ནི་ང་ཚོའི་འགོ་དམངས་གཉིས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད་སྙམ། ཤེས་ཡོན་ཐོག་ཏུ་བྱས་པ་ཅན་གྱི་ནང་མི་ལ་ཐུགས་གསོའི་གསུང་འཕྲིན་ཙམ་ཡང་མེད་པ་འཇམ་ལྷིང་ལྷིང་གནང་བའི་ལམ་ལུགས་འདི་རིགས་ཡག་རྟགས་ཤིག་གཏན་ནས་མཐོང་གི་མེད། གཅིག་བྱས་ན་ང་རང་བླུན་རྒན་ཞིག་ཡིན་དུས་ལྟ་སྟངས་ནོར་ཡོད་སྲིད་པ་ཞིག་རེད་སྙམ།

དམ་པ་ཁོང་ལ་རྗེས་དྲན་ཞུས་ན་ཞུ་རིན་ཡོད་པའི་མི་བུ་ཞིག་ཡིན་པས། ད་རེས་ཁོང་སྐུ་གྲོངས་པ་དེ་ནི་དྭ་ཕྲུག་སློབ་གྲྭ་ཙམ་མ་ཡིན་པ་བོད་གངས་ཅན་པ་ཡོངས་པ་གྱོང་གུད་ཆེན་པོ་ཞིག་ཡིན་པ་ངོས་འཛིན་ཞུ་བཞིན་ཡོད། དེ་བཞིན་ཁོང་གིས་བརྙན་འཕྲིན་ལ་སོགས་དེ་འདྲའི་ནང་ལའང་ལུས་གཟུགས་བདེ་ཐང་བའི་འཕྲོད་བསྟེན་གྱི་སྐོར་ལ་ལམ་སྟོན་མང་པོ་ཞིག་གནང་ནས་བོད་ཕྱི་ནང་གཉིས་ལ་ཡོད་མཁན་རྣམས་ལ་ཕན་ཐོགས་གང་འཚམས་བྱུང་ཡོད།

ལྷག་དོན་དྭ་ཕྲུག་དེ་དག་དྭ་ཕྲུག་ནས་དྭ་ཕྲུག་ཏུ་གྱུར་པ་རེད་ལ། དམ་པ་ཁོང་སྐུ་མ་གྲོངས་གོང་ལ་ཞལ་ཆེམས་ལས། “ཁམས་རྟའུ་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་བྱམས་པ་ལགས་དང་ཀུན་དགའ། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་ཐུབ་བསྟན་ཉི་མ་གསུམ་ལ་གསུངས་རྒྱུར། གལ་ཏེ་ང་དོན་རྐྱེན་འདི་ལས་མ་ཐར་ནའང་སློབ་གྲྭ་གཉིས་ཀྱི་དོན་དག་ཆེ་ཆུང་ཐམས་ཅད་ཆོས་ཉིད་ལྷ་མོར་གསལ་བོར་བཤད་(ཁོང་གི་བཟའ་ཟླ་)ཡོད་པས་ཁྱེད་རང་ཚོས་སེམས་བདེ་མོ་བྱས་ཆོག ཁྱེད་གཉིས་ཀྱིས་དེ་སྔ་ཁམས་དང་ཨ་མདོ་གཉིས་ཀྱི་དྭ་ཕྲུག་བྱིས་པ་འདི་འདྲའི་མང་བོ་ཞིག་བསྡུས་ནས་དེ་དག་གི་ངོ་གདོང་དང་རྒྱབ་ལྗོངས་ལ་བལྟས་ཏེ་འདི་འདྲའི་འབད་པ་ཆེན་པོ་བྱས་ནས་ཕན་བཏགས་དང་འདོགས་བཞིན་ཡོད་པར་ངས་སེམས་གཏིང་ནས་བྱིས་པ་ཚོའི་ཚབ་བྱས་ཏེ་བཀའ་དྲིན་ཆེ་ཞུ་བ་ཡིན། ཁྱེད་རང་ཚོ་ལ་མཚོན་ནའང་སྔར་གྱི་བྱ་བས་ཀྱང་མི་ཚེའི་རིན་ཐང་ཟེར་བ་དེ་ལོན་ཡོད་ནི་རེད། ཡིན་ན་ཡང་ད་དུང་མུ་མཐུད་དུ་སློབ་བུ་ཚོའི་དོན་ལ་སྔར་ནང་བཞིན་དང་། ཡང་ན་སྔར་ལས་ལྷག་པ་ཞིག་འབད་པ་བྱེད་རྒྱུ་དེ་ངའི་རེ་བ་ཆེན་པོ་ཡིན་སོགས་རང་གི་ཁེ་གྲགས་སྙན་གསུམ་ཕྲ་མོ་ཙམ་གྱིས་ཀྱང་མ་གོས་ཤིང་གཞན་ཕན་དང་ལྷག་བསམ་གྱིས་ཕྱུག་པའི་གསུང་བཤད་ཐུང་ངུ་ཞིག་རེད།” ཅེས་གསུང་བ་དེ་དག་ལས་སྐུ་གཟུགས་ཀྱི་གནས་སྟངས་དེ་འདྲ་ཞིག་ཏུ་གྱུར་ཡོད་ཀྱང་ད་དུང་དམ་པ་ཁོང་གི་སེམས་ཁོང་ནང་ལ་དྭ་ཕྲུག་དེ་དག་གནས་ཡོད་པ་རྟོགས་ཐུབ་ལ། དེ་དག་ནི་དམ་པ་ཁོང་གི་གཞན་ཕན་ལྷག་བསམ་དཀར་པོ་ཕྱག་ལས་གནང་བ་མཚོན་དོན་རླབས་ཆེན་ཞིག་རེད། མཐའ་དོན་དམ་པ་ཁོང་གི་སླར་ཡང་མི་ལུས་བཟང་པོ་ཞིག་ཐོབ་པའི་སྨོན་འདུན་དང་བཅས། ལྷག་དོན་དམ་པ་ཁོང་ཐུགས་རེ་ཇི་བཞིན་འགྲུབ་པའི་སྨོན་འདུན་དང་བཅས།

ཞེས་པ་འདི་གནས་མཆོག་མཚོ་པདྨ་ལ་བྲིས་ཤིང་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༡༡ ཉིན་མོ་མཇུག་རྫོགས་པར་བྱས། ཆབ་མདོ་ངག་ཕུན་གྱིས།

Share this:
༡༢༩༠ ཀློག་གྲངས།