ལྡི་ལིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུར་ཐུགས་རེ་མཛད།

ཟླ་འདིའི་ཚེས་༡༡ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་དྷ་ས་བཞུགས་སྒར་གྱི་ཕོ་བྲང་དུ་ཆེད་བཆར་ཞུས་པའི་རྒྱལ་སྤྱིའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་Deepak Chopra ཡིས་སྣེ་ཁྲིད་པའི་མི་སྣ་༤༥ ཙམ་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།

སྐབས་དེར་༧གོང་ས་མཆོག་གིས་དུས་རབས་༢༡ པ་འདི་ཞི་བདེ་དང་འཆམ་མཐུན། དེ་བཞིན་གྲོས་མོལ་གྱི་དུས་རབས་ཤིག་བསྐྲུན་དགོས་པ་གལ་ཆེན་ཡིན་པར་བཀའ་བསྩལ་བ་མ་ཟད། ལོ་ཤས་སྔོན་མགོན་པོ་གང་ཉིད་ཨི་ཊ་ལི་རྒྱལ་ས་རཱོམ་ནང་དུ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཚོགས་ཆེན་ཐོག་དབུ་བཞུགས་མཛད་སྐབས་རྡུལ་ཕྲན་མཚོན་ཆའི་ཉེན་ཚབས་སྐོར་གླེང་སློང་བྱུང་བ་དང་འབྲེལ། མགོན་པོ་༸གང་ཉིད་ཀྱིས་སྐབས་དེར་རྡུལ་ཕྲན་མཚོན་ཆ་མེད་པའི་འཚེ་མེད་ཞི་བའི་འཛམ་གླིང་ཞིག་བསྐྲུན་དགོས་རྒྱུར་ཚིག་སྐམ་པོ་བཤད་པ་ཙམ་གྱིས་ཕན་འབྲས་གང་ཡང་མེད་སྟབས། འཛམ་གླིང་ཞི་བདེའི་བདེ་དེད་དཔོན་ཚོས་ཐུགས་འགན་གཙོ་བཞེས་ཐོག་གོ་མཚོན་མེད་པའི་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་གལ་གནད་ཆེན་པོ་ཡིན་པར་ལམ་སྟོན་བསྩལ་དོན་བཞིན། འདི་ལོར་རྒྱ་གར་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོས་སྣེ་ཁྲིད་འོག རྒྱལ་ལ་ལྡི་ལིར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཚོགས་ཆེན་ཞིག་འཚོགས་རྒྱུར་ཐུགས་རེ་མཛད་བཞིན་ཡོད་པ་དང། དེའི་ཐོག་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷེ་རག་ཨོ་བྷ་མ་དང་། ཇོར་ཇེ་བྷོ་ཤེ་རྣམ་གཉིས་ཀྱང་ཕེབས་ཐུབ་པར་ཐུགས་རེ་མཛད་ཀྱི་ཡོད་སྐོར་བཀའ་བསྩལ་འདུག

དེ་བཞིན་༸གོང་ས་མཆོག་གིས་དེང་སང་ཕྱི་དངོས་པོའི་ཡར་རྒྱས་ཤུགས་ཆེན་པོ་ཡོད་པའི་འཛམ་གླིང་འདིའི་ནང་དཀའ་ངལ་མང་དག་ཅིག་མིས་བཟོས་པ་ཤ་སྟག་ཡིན་སྟབས། ཚན་རིག་པའི་ཉམས་ཞིབ་ཁྲོད་མིའི་གཞི་རྩའི་རང་བཞིན་དེ་བྱམས་བརྩེ་ཡིན་པ་ར་འཕྲོད་གསལ་པོ་ཆགས་དོན་ལྟར་ང་ཚོ་དང་ཁོང་ཚོ། ཆོས་ལུགས་དང་རྒྱལ་ཁབ་སོགས་རིམ་པ་གཉིས་པའི་ཁྱད་པར་ལ་དོ་སྣང་གནང་བ་ལས། འགྲོ་བ་མི་ཀུན་གཅིག་གྱུར་ཡིན་པའི་འདུ་ཤེས་ལ་དོ་སྣང་ཆེ་བ་གནང་རྒྱུ་གལ་གནད་ཡིན་པ་དང་། དེའང་བྱམས་བརྩེའི་གཞི་རྩ་ཡོད་ཐོག་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ལ་དམིགས་གསལ་གྱི་འགན་ཡོད་པའི་ལམ་སྟོན་བསྩལ་འདུག

༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་ལས་འཕྲོས་ནས་དེང་སྐབས་ཀྱི་རྒྱ་གར་ནང་དཔལ་ནཱ་ལེནྡཱའི་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་སླར་གསོ་མཛད་བཞིན་ཡོད་པ་བཅས་བཀའ་བསྩལ་ཡོད་པ་མ་ཟད། ང་ཚོ་ཚང་མ་སྤྱི་ཚོགས་སེམས་ཅན་ཡིན་སྟབས། འགྲོ་བ་མི་གཅིག་གྱུར་གྱི་དགོངས་པ་བཞེས་དགོས་གལ་ཡིན་པ་དང་། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ནང་སེམས་ཀྱི་འཕྲོད་བསྟེན་སྐོར་སློབ་སྦྱོང་སྤྲད་དགོས་པར་བཀའ་བསྩལ་ཡོད།

རྩ་བའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབསDeepak Chopra ནི་རྒྱ་གར་ནང་སྐྱེས་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་མི་སེར་ཡིན་པ་མ་ཟད། སྨན་བཅོས་ཀྱི་ཐབས་ལམ་གཞན་ལག་བསྟར་གོང་འཕེལ་ཐད་མཚན་སྙན་ལྡན་པའི་ཕྱག་ལས་གནང་མཁན་དང་། མང་ཚོགས་ལ་སེམས་འགུལ་ཐེབས་པའི་གཏམ་བཤད་གནང་མཁན་སྙན་གྲགས་ཆེ་ཤོས་གྲས་ཤིག་ཆགས་ཀྱི་ཡོད་པ་རེད། དེ་སྔ་ཡང་ཁོང་ནས་༸གོང་ས་མཆོག་དང་མཇལ་འཕྲད་ཐེངས་ཁ་ཤས་གནང་མྱོང་ཡོད་པ་མ་ཟད་ཕྱི་ལོ་༢༠༠༩ ལོར་སྙན་གྲགས་ཆེ་བའི་(Forbes) ལས་རིམ་ཐོག ཁོང་གིས་༸གོང་ས་མཆོག་ནི་ནུས་པ་ལྡན་པའི་འཛམ་གླིང་གི་དགེ་རྒན་ཕུལ་དུ་བྱུང་བ་བདུན་གྱི་ནང་མཚན་བཏོན་གནང་མྱོང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Share this:
༤༩༠ ཀློག་གྲངས།