འབྲི་གུང་བྱང་ཆུབ་གླིང་དུ་མཁན་པོར་ཕྱག་ཁྱེར་འབུལ་བའི་མཛད་སྒོ།

རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་རྟེན་གཞི་བྱས་པ་འབྲི་གུང་བཀའ་བརྒྱུད་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སྐབས་བདུན་པའི་མཁན་པོ་རྣམས་ལ་ཕྱག་ཁྱེར་འབུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་འདུག

དེ་ཡང་ལོ་ལྟར་འབྲི་གུང་༧སྐྱབས་མགོན་གྱིས་བྱེས་ཀྱི་གདན་ས་བྱང་ཆུབ་གླིང་དུ་གནང་བཞིན་པའི་འབྲི་གུང་བཀའ་བརྒྱུད་ཀྱི་དགུན་ཆོས་ཆེན་མོ་དང་བསྟུན་ཏེ། ཟླ་འདིའི་ཚེས་༡༡ ཉིན་སྔ་དྲོ་འབྲི་གུང་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་གི་སྐབས་བདུན་པའི་མཁན་པོ་རྣམས་ལ་ཕྱག་ཁྱེར་འབུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་འགྲུབ་དང་དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས། ས་སྐྱའི་བདག་མོ་སྐུ་བགྲེས་གཞོན་གཉིས། འབྲི་གུང་ཁྲི་ཚབ་རིན་པོ་ཆེ། རྟོགས་ལྡན་རིན་པོ་ཆེ། འབྲི་གུང་མཁན་ཆེན་ཉི་མ་རྒྱལ་མཚན་བཅས་ཕེབས་ཡོད་པ་རེད།

མཁན་པོ་གསར་བསྐོས་རྣམས་ཀྱིས་འབྲི་གུང་༧སྐྱབས་མགོན་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བཀའ་བརྒྱུད་མཐོ་སློབ་ཁང་གི་དགེ་འདུན་པས་ཕུན་ཚོགས་བཅོ་བརྒྱད་ཀྱི་མགུར་དབྱངས་གསུངས་པ་དང་། དེ་རྗེས་འགན་འཛིན་ལྷན་ཚོགས་ཀྱི་མཁན་པོ་རང་གྲོལ་གྱིས་མཁན་པོ་རྣམས་ལ་འཚམས་འདྲི་དང་མཛད་སྒོ་ངོ་སྤྲོད་གནང་། དེ་ནས་སློབ་སྤྱི་གཞོན་པ་སྐྱོར་དཔོན་འཕྲིན་ལས་ཕུན་ཚོགས་ཀྱིས་མཁན་པོ་གསར་བསྐོས་རྣམས་ངོ་སྤྲོད་གནང་ཡོད་པ་དང་། ཕྱག་ཚོད་༡༠ དང་སྐར་མ་༤༠ ཡས་མས་སུ་འབྲི་གུང་༧སྐྱབས་མགོན་དང་ཆོས་རིག་བཀའ་བློན་གཉིས་ཀྱི་ཕྱག་ནས་མཁན་པོ་གྲངས་༢༢ ལ་ཕྱག་ཁྱེར་འབུལ་བཞེས་གནང་ཡོད་པ་རེད། མཛད་སྒོ་དེར་བླ་སྤྲུལ་གཙོས་པའི་སེར་སྐྱ་འདུས་མང་སྟོང་གཉིས་ལྷག་ཙམ་མཉམ་ཞུགས་གནང་ཡོད་པ་རེད།

ད་ཐེངས་ཕྱག་ཁྱེར་བཞེས་མཁན་གྱི་མཁན་པོ་རྣམས་ནི་འབྲི་གུང་བྱང་ཆུབ་གླིང་ནས་གཞི་རིམ་གྱི་འཛིན་གྲྭ་ཐོན་རྗེས་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་ནས་ཐོན་པ་མ་ཟད། སྐྱོར་དཔོན་གྱི་མཚན་ཡོད་མཁན་ཕྱི་ལོ་༢༠༠༨ ནས་༢༠༡༥ བར་གྱི་སློབ་ཐོན་པ་རྣམས་ཡིན་པ་དང་།  དེ་ཡང་ཉུང་མཐར་ལོ་གཉིས་ཡན་སློབ་ཁྲིད་དང་ཁོངས་སོ་སོར་ཕྱག་ལས་གནང་མྱོང་མཁན་ཡིན་འདུག

དེ་བཞིན་འབྲི་གུང་དགོན་པར་མི་ལོ་༡༥ ནས་༢༠ རིང་ཕྱག་ལས་གནང་མཁན་རྣམས་དང་སྦྱིན་བདག་རྣམས་ལ་ཡང་འབྲི་གུང་༧སྐྱབས་མགོན་དང་ཆོས་རིག་བཀའ་བློན་གྱི་ཕྱག་ནས་དམིགས་བསལ་ཕྱག་རྟགས་གནང་སྟེ་ཐུགས་རྗེ་ལེགས་འབུལ་ཞུས་ཡོད་པ་རེད། དེ་རྗེས་འབྲི་གུང་༧སྐྱབས་མགོན་དང་ཆོས་རིག་བཀའ་བློན་རྣམ་གཉིས་ཀྱིས་མཛད་སྒོ་དང་འབྲེལ་བའི་བཀའ་སློབ་གནང་རྗེས་སྐུ་པར་མཉམ་སྒྲོན་གནང་ཡོད་པ་དང་། འདུས་མང་གིས་མཁན་པོ་གསར་པ་རྣམས་ལ་མཇལ་དར་ཕུལ་བ་བཅས་ཀྱིས་མཛད་སྒོ་གྲོལ་ཡོད་པར་གནས་ཚུལ་འབྲེལ་བརྗོད་གནང་སོང་། །

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༣༠༦ ཀློག་གྲངས།