ཏཱ་ལའི་བླ་མ་མཐོ་སློབ་དང་བློ་གསལ་གླིང་གྲྭ་ཚང་བར་ཤེས་ཡོན་བརྗེ་ལེན་གྱི་གན་རྒྱ།

རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ཀ་ན་ཊ་ཀ་མངའ་སྡེ་རུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གྲོང་སྡེ་མོན་གོ་ཌི་ན་ཡོད་པའི་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གཉིས་ཀྱི་བར་ལོ་ལྔའི་རིང་ཤེས་ཡོན་བརྗེ་ལེན་བྱ་རྒྱུའི་དོན་ཚན་ལྔའི་མཚན་རྟགས་བཀོད་འདུག

དེ་ཡང་མཐོ་སློབ་ངོ་དེབ་ཤོག་ངོས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༩ ཟླ་བ་༢ ཚེས་༡༡ སྟེ་རེས་གཟའ་ཉི་མའི་ཆུ་ཚོད་༢:༣༠ ཐོག་མཐོ་སློབ་ཀྱི་སློབ་སྤྱི་འབུམ་རམས་པ་བུ་མོ་ཚེ་རིང་དང་། འཛིན་སྐྱོང་ཉམས་ཞིབ་འགན་འཛིན་དགེ་བཤེས་རྡོ་རྗེ་འགྱུར་མེད། འབྲས་སྤུངས་ཀྱི་མཁན་ཐོག་བཅུ་པ་ལྷ་རམས་པ་བློ་བཟང་བསམ་གཏན། འཛིན་སྐྱོང་ཕྱག་མཛོད་དགེ་བཤེས་ཡི་ཤེས་ཆོས་གྲུབ། དེ་གར་མཐོ་སློབ་ཀྱི་དགེ་སློབ་ཚང་འཛོམས་ཐོག་ནས་འབྱུང་འགྱུར་ལོ་ལྔ་རིང་ཕན་ཚུན་གཉིས་མོས་ཀྱིས་ཐོག་ནས་གཞུང་འབྲེལ་ཤེས་བྱའམ་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་གཤམ་འཁོད་དོན་ཚན་ལྔ་ལ་མོས་མཐུན་གྱིས་གན་རྒྱར་མཚན་རྟགས་བཀོད་འདུག

དེ་ཡང་དང་པོ། སློབ་མ་ཕན་ཚུན་བར་ཤེས་བྱ་བརྗེ་ལེན། གཉིས་པ། ཟུང་འབྲེལ་ཉམས་ཞིབ་ལས་འཆར་མཉམ་ཞུགས་བྱ་རྒྱུ། གསུམ་པ། ཕན་ཚུན་བར་བགྲོ་གླེང་དང་། ཤེས་ཡོན་ཐོག་ལྷན་འཛོམས་ཁག་ལ་མཉམ་ཞུགས། བཞི་པ། ཤེས་ཡོན་དང་འབྲེལ་བའི་རྒྱུ་ཆ་དང་། ཐོན་ཁུངས་སོགས་ཕན་ཚུན་མཐུན་རྐྱེན་སྦྱོར་རྒྱུ། ལྔ་པ། དུས་ཐུང་རིང་བརྗོད་གཞི་འདྲ་མིན་སློབ་ཚན་སྦྱོང་བརྡར། དཔེར་ན། སྒོམ་རྒྱག་སྟངས་དང་། ནང་ཆོས་སློབ་སྦྱོང་། སེམས་ཁམས་རིག་པ། སེམས་ཁམས་ཚན་རིག ཆོས་ལུགས་རིས་མེད། ཀུན་ཁྱབ་ཀྱི་བཟང་སྤྱོད་དང་། ཞབས་ཞུ་བྱེད་ཕྱོགས་ཐད་དགེ་རྒན་ཚོར་སྦྱོང་བརྡར་བཅས་རེད་འདུག

དེ་གར་མཐོ་སློབ་ཀྱིས་སློབ་སྤྱིས་གན་རྒྱའི་དམིགས་ཡུལ་དེ་མ་འོངས་པར་འཛིན་སྐྱོང་རིམ་པའི་འབྲེལ་ལམ་འདི་མུ་མཐུད་དུ་གནང་ཐུབ་པའི་རེ་འདོད་ཡོད་པ་དང་། གན་རྒྱའི་དུས་ཡུན་ལོ་ངོ་ལྔའི་རིང་ཡིན་པར་འགྲེལ་བཤད་གནང་འདུག

མཁན་པོས་དགེ་སློབ་རྣམས་ལ་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་ཐོག་རིམ་པར་ཕེབས་ཚུལ་དང་བྱུང་རབས། བློ་གསལ་གླིང་གི་ཤེས་ཡོན་བརྗེ་ལེན་གྱི་ལས་རིམ་འདི་ནི། ད་ཐེངས་ཙམ་མ་ཡིན་པར་ཕྱི་ལོ་༡༩༩༨ ནས་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་འབྲེལ་ལམ་ཐོག་མར་བྱུང་བ་ནས་ཆོས་ལུགས་རིས་མེད་དང་། ནང་དོན་རིག་པའི་ཕན་རླབས། གདན་སའི་དགེ་འདུན་པ་རྣམས་ནས་སློབ་གཉེར་ལ་དཀའ་ཚེགས་གང་ཙམ་མཛད་སྐོར་ངོ་སྤྲོད་གནང་ཡོད་པ་རེད།

དེ་བཞིན་མཁན་པོས་སློབ་གཉེར་སྐོར་ལ་གསུང་བཤད་གནང་སྐབས། སློབ་མ་ཚོར་ཐུགས་ཐག་ཉེ་བོའི་ཐོག་ནས་མཐོ་སློབ་ཀྱི་མཐུན་རྐྱེན་བཟང་པོར་ངེས་ཤེས་རྙེད་པ་བྱས་ཏེ་རང་གི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་ཉིན་རེའི་བྱ་གཞག་ནང་དུ་ལེ་ལོ་གསུམ་གྱི་ཉེས་དམིགས་དང་། དེའི་གཉེན་པོར་རྒྱུ་འབྲས་མན་ངག་བདུན་བསྟེན་དགོས་ཚུལ་དང་། བྱམས་པ། བརྩེ་བ། ཆོག་ཤེས། བཟོད་བསྲན་ལ་སོགས་པ་ནི་མི་དང་། དུད་འགྲོ་ཚང་མར་ངེས་པར་དུ་མཁོ་བ་ཞིག་ཡིན་སྐོར། དེ་བཞིན་དམིགས་བསལ་སློབ་གཉེར་བ་རྣམས་ནས་རྐུབ་བཙུགས་གཉིད་ཁུག་དང་། གཞན་ལ་ཁ་བཏང་སྟེ་སྡོད་རྒྱུ་སོགས་མིན་པར། ཡང་སེམས་ཅན་བསེ་རུ་ལྟ་བུ་ཁེར་རྐྱང་དུ་མི་སྡོད་པར། གཙོ་བོ་ཆོལ་ཁ་དང་ཕྱོགས་རིས་མེད་པ་རང་གི་ཆོས་དང་རིག་གཞུང་། ཉིན་རེའི་སློབ་ཚན་ཁག་དང་། གཞན་ཡང་དེང་དུས་དང་མཐུན་པའི་དབྱིན་ཡིག་དང་། རྒྱ་ཡིག་སོགས་ལའང་དོ་སྣང་ངེས་པར་གནང་དགོས་པ་མ་ཟད། རང་གི་ཉིན་རེའི་འཚོ་བ་དང་འབྲེལ་ཡོད་ཕ་མ་གཙོས་གཞན་ཚང་མར་གུས་བཀུར་གནང་སྟེ། གཙང་སྦྲ་འཕྲོད་བསྟེན་སོགས་ཕྱོགས་གང་ཅི་ཐོག་གཟབ་གཟབ་གནང་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་།།

གསར་འགོད་སྦྱོང་བརྡར་བ་ལྷ་མོས་བསྡུ་སྒྲིག་བྱས།

 

Share this:
༡༠༩༧ ཀློག་གྲངས།