བོད་མིས་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས།

ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སའི་མངའ་ཁུལ་ས་གནས་བོད་རིགས་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་འཚོགས་པ་དང་། ༧གོང་ས་མཆོག་གིས་གསུང་འཕྲིན་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༢ ཉིན་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོའི་ཐོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་བཅུ་གྲངས་ཤིག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་བྱང་ཨ་རིའི་དོན་གཅོད་དངོས་གྲུབ་ཚེ་རིང་གཙོས་པའི་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་སོགས་ཨ་རིར་གནས་བཞུགས་བྱས་འདུག  སྐབས་དེར་ལྕམ་ནན་སི་ཕེ་ལོ་སི་ཡིས་ཉེ་ཆར་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་གཏན་འབེབས་བྱུང་བ་ནི་གྲུབ་འབྲས་གལ་ཆེན་ཞིག་བརྩི་གི་ཡོད་ཅེས་དང་། དེ་རིང་ཨ་རིར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་པས་ངོས་ནས་༧གོང་ས་མཆོག་དང་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་༧གོང་ས་མཆོག་གིས་དབུས་པའི་བོད་པ་རྣམས་ཀྱི་འབད་བརྩོན་ལ་བསྔགས་བརྗོད་གནང་ཡོད་འདུག

སྲིད་སྐྱོང་བློ་བཟང་སེང་གེས་ཐུགས་རྗེ་ཆེ་ཞུ་དང་འབྲེལ་བའི་གཏམ་བཤད་གནང་བ་དང་ལྕམ་ནན་སི་ཕེ་ལོ་སིའི་ཕྱག་ཏུ་ཨ་རིའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཚོན་དོན་ཆོས་ཀྱི་འཁོར་ལོ་ཞིག་ཕུལ་ཡོད་པ་རེད། དེ་བཞིན་བྱང་ཨ་རིའི་བོད་མིའི་སྤྱི་འཐུས་པདྨ་ཕྱག་མཛོད་ཚང་། སྤྱི་འཐུས་ཚེ་དབང་རིག་འཛིན་བཅས་ཀྱིས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་ཡོད་འདུག

ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་ཨ་རིའི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་གསུངས་པའི་ནང་། “དེ་རིང་ཁྱེད་རང་ཚོ་ཨ་རིའི་དོན་གཅོད་ཐེ་བའི་འབྲེལ་ཡོད་ཚོགས་པ་ཁག་དང་ས་གནས་བོད་རིགས་ཚོས་པ་བཅས་ཀྱིས་ཨ་རི་ལ་ཐུགས་རྗེ་ཆེ་ཟེར་བའི་མཛད་སྒོ་ཞིག་ཚུགས་བཞིན་ཡོད། ངོས་ཀྱི་བསམ་ཚུལ་དང་འབྲེལ་བའི་ཐོག་ནས་སྐབས་འདིར་ཐུགས་རྗེ་ཆེ་ལབ་ཀྱི་ཡོད། ཨ་རི་ནི་ཕྱོགས་གཅིག་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཅིག་རེད། སྟོབས་ཆེན་རྒྱལ་ཁབ་དེའང་རང་དབང་དང་མང་གཙོ། ཁྲིམས་ཀྱི་དབང་སྒྱུར་ལྡན་པ། རང་དབང་ལྡན་པའི་འཛམ་གླིང་སྤྱིའི་མིག་ལྟོས་བྱེད་ས་ཞིག་དང་། བློ་གཏད་བཅོལ་ས་ཞིག་ཆགས་ཡོད་སྟབས་ཧ་ཅང་གལ་ཆེན་པོ་ཞིག་ཆགས་ཡོད། འཛམ་གླིང་དམག་ཆེན་དང་གཉིས་སྐབས་རང་དབང་མང་གཙོ་འགན་སྲུང་བྱེད་མཁན་ཞིག་ཆགས་པ་རེད། ཧ་ཅང་རྩ་བ་ཆེན་པོ་རེད། བོད་པར་མཚོན་ནའང་ཨིན་ཇི་ནི་དེ་སྔ་ནས་རྒྱུས་ཡོད་རེད། འཇར་མན་ཟེར་ནས་བོད་པ་ཚོས་དོ་སྣང་ཧ་ཅང་བྱེད་ས་ཞིག་དང་།  དེ་ནས་ཨ་རི་རེད། གང་ལྟར་བོད་དུ་དུས་ལོག་ཡོང་སྐབས་བོད་པ་ཚོས་ཨ་རི་ལ་རེ་བ་དང་བློ་གཏད་ཧ་ཅང་བཅོལ་ནས་བསྡད་པ་རེད། དུས་ལོག་བྱུང་ནས་༡༩༥༠ ནང་ཐོག་མའི་གནས་ཚུལ་ཡོང་སྐབས་བོད་པའི་གནས་ཚུལ་དེ་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད། སྐབས་དེར་གཙོ་བོ་ཨ་རིའི་གཞུང་གི་ཤུགས་རྐྱེན་འོག་མ་ལེ་ཤི་ཡ་དང་། ཨེལ་སེལ་ཝེ་ཌོར་ El Salvador གཉིས་ཀྱིས་ཞུ་བརྒྱུད་བྱས་ནས་འཛམ་གླིང་རྒྱལ་ཚོགས་ལ་ཞུས་པ་རེད། ཨ་རིས་བོད་དོན་ཐོག་འགོ་སྟོད་ནས་དམིགས་བསལ་གྱི་ཤ་ཚ་དང་བདེན་པའི་བདེན་རྒྱབ་བྱས་པ་རེད་”ཅེས་གསུངས་འདུག

༧གོང་ས་མཆོག་གི་ཁོང་ཨ་རིར་འབྲེལ་བ་བྱུང་སྟངས་དང་འབྲེལ་གསུང་དོན། “ངོས་རང་སྒེར་ལ་མཚོན་ནའང་༡༩༤༢ ཙམ་ཡིན་པ་ཡོད། སྐབས་དེར་དམག་ཆེན་མུ་མཐུད་གནས་ཡོད་IIia Tolstoy དང་ཁོང་གི་རོགས་པ་ལྷ་སར་འབྱོར་བྱུང་། སྐབས་དེར་ཨ་རིའི་སྲིད་འཛིན་རུ་སོ་ཝིལྜི་ Roosevelt རེད། ཁོང་གིས་ཕྱག་ཡིག་གཅིག་དང་ཁོང་གི་པར་ས་ཡིག་སྦྱར་མ་ཞིག དངུལ་གྱིས་བཟོས་པའི་གྲུ་གཟིངས་ཤིག ཆུ་ཚོད་གཅིག་བསྐུར་བ་ནི་འདི་རེད། སྐབས་དེར་ངོས་རང་ཆུང་ཆུང་ཡིན་སྟབས་ཡི་གེ་དེར་དོ་སྣང་དེ་ཙམ་མེད་པར་ཆུ་ཚོད་འདིར་དོ་སྣང་ཧ་ཅང་བྱས་པ་རེད། དེ་ནས་བཟུང་ཆུ་ཚོད་འདི་ངོས་ཀྱིས་ཉར་བསྡད་པ་རེད། ཕྱིས་སུ་ངོས་རང་ཨ་རིར་ཐེངས་ཤིག་སྐྱོད་སྐབས་ནེན་སི་པེ་ལོ་སི་ཁོང་གིས་ཆུ་ཚོད་གཟིགས་འདོད་གནང་བ་རེད། དེར་བརྟེན་ངོས་ཀྱིས་ཐེངས་ཤིག་ཨ་རིར་སྐྱོད་སྐབས་ཆུ་ཚོད་འདི་ཆེད་མངགས་ཁྱེར་ནས་ཁོང་ལ་བསྟན་པ་ཡིན། སྐབས་དེར་ང་ཚོ་དང་ལྷན་མི་བཅུ་གྲངས་ཤིག་འདུག  ནེན་སི་ལི་ལོ་སི་ཡིས་མི་དེ་དག་ཚང་མར་ཆུ་ཚོད་དེ་བསྟན་སོང་། གང་ལྟར་ངོས་རང་སྒེར་ལ་མཚོན་ན་ཕྱི་ལོ་༡༩༤༢ ནས་བཟུང་སྔ་ས་ནས་འབྲེལ་བ་ཆགས་ཡོད། དེའི་རྗེས་སུ་ངོས་རང་ཨ་རིར་འགྲོ་རྒྱུའི་གོ་སྐབས་བྱུང་ནས་ཨ་རིའི་སྲིད་འཛིན་སྔ་རྗེས་མང་པོ་ཞིག་ངོས་ཀྱིས་མཇལ་རྒྱུའི་གོ་སྐབས་བྱུང་ཡོད། ལྷག་པར་དུ་ཨོ་བྷ་མར་མཚོན་ན་ཁོང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་རག་མཁན་ཞིག་རེད། ཁོང་གིས་དེ་སྔ་སྲིད་འཛིན་རུ་སོ་ཝིལྜི་ཕྱག་ཡིག་དེའི་ངོ་ཤུས་ཤིག་དང་སྲིད་འཛིན་ཊུ་མན་ Truman མཆོག་གི་ཕྱག་ཡིག་ངོ་ཤུས་དེ་ཁོང་གིས་ངོས་ལ་སྐབས་དེར་གནང་བྱུང་། དེ་དག་དཔང་རྟགས་རང་རེད། ལོ་ངོ་བཅུ་ཕྲག་མང་པོ་ཞིག་རིང་ལ་ང་ཚོའི་དབར་དམིགས་བསལ་འབྲེལ་བ་ཡོད་པ་ཞིག་དང་། ཨ་མི་རི་ཀའི་སྲིད་འཛིན་སྔ་རྗེས་ཀྱིས་བོད་དོན་ཐོག་ཤ་ཚ་དང་རྒྱབ་སྐྱོར། སེམས་ཁུར་ཡོད་པ་དེ་འདྲ་རེད། དེར་བརྟེན་དེ་རིང་དུས་ཚོད་འདིར་ངོས་རང་མི་ལོ་རྒན་ལོ་བརྒྱད་ཅུ་གྱ་བཞིར་ཉེ་བ་ཞིག་གིས་འདས་པའི་ལོ་རྒྱུས་དེ་དག་རྗེས་སུ་དྲན་པའི་ཐོག་ནས་ངོས་ཀྱི་ངོ་ཤེས་མི་མང་པོ་ཞིག་འདས་ཟིན་པ་རེད། འོན་ཀྱང་ཁོང་རྣམས་ཀྱི་ཤ་ཚ་དང་སེམས་ཁུར་བྱས་པའི་འབྲས་བུ་ད་ལྟ་ཡིན་ནའང་བསྡད་ཡོད། བོད་རྒྱ་ཆེའི་མི་མང་གི་བསམ་བློའི་ནང་དུ་དངོས་གནས་བོད་མི་ཚོར་ཤ་ཚའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མ་རེད། དེར་བརྟེན་དེ་རིང་གོ་སྐབས་འདིར་ཁྱེད་ཚོས་ཨ་མི་རི་ཀར་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་རྗེ་ཆེ་ཞུ་བཞིན་པའི་སྐབས་འདིར་ངོས་ནས་ཀྱང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༠༥༩ ཀློག་གྲངས།