བོད་པའི་སློབ་མ་ཞིག་གི་འོས་བསྡུའི་རྒྱལ་ཁ་ལ་རྒྱ་རིགས་སློབ་མའི་ངོ་རྒོལ།

ཕྱི་ཟླ་༢ པའི་ནང་ཁེ་ན་ཌའི་སྙན་གྲགས་ཆེ་བའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་ཀྱི་མཐོ་སློབ་གཅིག་གི་སློབ་མ་མཐུན་ཚོགས་ཀྱི་ཚོགས་གཙོར། བོད་པའི་བུད་མེད་སློབ་མ་འཆི་མེད་ལྷ་མོ་འདེམས་ཐོན་བྱུང་བར། རྒྱ་རིགས་སློབ་མ་ཚོས་ངོ་རྒོལ་དང་ཁོང་ཚོགས་གཙོ་བྱེད་པའི་ཆ་རྐྱེན་ཚང་མེད་སྐོར་བརྗོད་བཞིན་འདུག་པ་དང་། དེ་ཡང་ཁོང་གིས་བོད་དོན་དང་འབྲེལ་བའི་ལས་འགུལ་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པས་ངོ་རྒོལ་བྱས་པ་ཡིན་འདུག

དེ་ཡང་ཁེ་ན་ཌའི་ཀྲོ་རོན་ཀྲོ་གཙུག་ལག་སློབ་གཉེར་ཁང་གི་ཁྱབ་ཁོངས་སུ་ཡོད་པའི་(Scarborough) མཐོ་སློབ་ཏུ། ལོ་རིམ་བཞི་པའི་ནང་དབང་རྩ་ཚན་རིག་དང་སེམས་ཁམས་རིག་པ་སློབ་གཉེར་བྱེད་བཞིན་པའི་འཆི་མེད་ལྷ་མོར། ཉེ་ཆར་མཐོ་སློབ་དེའི་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འོས་བསྡུའི་རྒྱལ་ཁ་ཐོབ་འདུག་པ་དང་། ཟླ་༢ ཚེས་༨ ཉིན་མཐོ་སློབ་དེའི་ནང་ཡོད་པའི་རྒྱ་རིགས་སློབ་མ་ཞིག་གིས་དྲ་ཐོག་ཞུ་གཏུག་ལས་འགུལ་ཞིག་འགོ་བཙུགས་ཏེ། འཆི་མེད་ལྷ་མོ་ནི་ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་ཆེན་པོ་བྱེད་མཁན་ཡིན་པ་དང་། ཕྱིའི་ཚོགས་སྡེ་ཞིག་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པས། སློབ་མ་མཐུན་ཚོགས་ཀྱི་ཚོགས་གཙོ་ཞིག་གིས་ཕྱིའི་རྒྱལ་ཁབ་ཅིག་ལ་སྐྱོན་བརྗོད་བྱས་ན་འགྲིག་གི་མེད་ཁར། ཚོགས་གཙོའི་ལས་འགན་དེ་མོས་ཁུར་ཚེ་ཁོང་ཚོར་བདེ་འཇགས་ཚོར་གྱི་མེད་པས། འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་མེད་སྐོར་བརྗོད་འདུག ད་ལྟའི་ཆར་དྲ་ཐོག་ཞུ་གཏུག་ལས་འགུལ་དེར་མི་གྲངས་༩༦༠༠ ལས་མང་བས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད་ཟིན་འདུག་ཀྱང་། མིང་རྟགས་བཀོད་མཁན་རྣམས་རྒྱ་ནག་གཞུང་གི་གླ་འོག་ཏུ་ཡོད་པའི་དྲ་འབུ་ཡིན་མིན་ར་འཕྲོད་བྱེད་ཐབས་ཁག་པོ་ཆགས་འདུག

དེ་ཡང་འཆི་མེད་ལྷ་མོའི་སྤྱི་ཚོགས་དྲ་ལམ་(Instagram) ཐོག་ཏུ། རང་གི་ངོ་སྤྲོད་ནང་དུ་དང་ཐོག་བོད་རང་དབང་ཞེས་བཀོད་ཡོད་ཁར། པར་མཛོད་ནང་དུ་བོད་དོན་ལས་འགུལ་ནང་མཉམ་ཞུགས་བྱས་པ་དང་། ༧གོང་ས་མཆོག་ལ་མཇལ་ཁ་ཞུས་པ། སྲིད་སྐྱོང་དང་ཐུག་འཕྲད་བྱས་པ་སོགས་ཀྱི་པར་མང་པོ་ཞིག་བཀོད་འདུག་པས། དྲ་ཐོག་ཞུ་གཏུག་ལས་འགུལ་དེའི་ནང་དུ་ཁོང་གི་སྤྱི་ཚོགས་དྲ་ལམ་གྱི་མདུན་ངོས་ཀྱི་པར་ཞིག་བཞག་ནས། བོད་རང་དབང་ཞེས་པ་དེར་དམར་རྟགས་བཀོད་འདུག

འཆི་མེད་ལྷ་མོས་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་དང་འབྲེལ་ནས། རང་ལ་རྒྱལ་ཁ་ཐོབ་པར་དགའ་སྤོབས་ཡོད་པ་དང་། འོས་བསྡུའི་གྲུབ་འབྲས་དེར་གཙུག་ལག་སློབ་གཉེར་ཁང་གིས་ཞིབ་འཇུག་བྱས་ཏེ་གཞུང་འབྲེལ་གཏན་འབེབས་བྱས་རྗེས། ཟླ་༥ པའི་ཚེས་༡ ཉིན་ནས་ལས་ཁུར་དངོས་སུ་འགོ་བཙུགས་རྒྱུ་ཡིན་སྐོར་བརྗོད་འདུག ཁོང་གིས་དེ་སྔོན་རང་ཉིད་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་ཐོན་བྱུང་ཚེ། སློབ་མ་ཚང་མའི་ངོ་ཚབ་བྱེད་ཐུབ་པའི་ཐོག་ནས་ལས་དོན་སྤེལ་རྒྱུ་གལ་ཆེ་ཤོས་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་མྱོང་འདུག

ཁོང་གི་རྒྱལ་ཁ་དེ་ལ་བོད་མི་གཙོས་པའི་རྒྱབ་སྐྱོར་བ་མང་པོ་ཞིག་གིས། དྲ་ལམ་ཁག་ཏུ་དགའ་བསུ་ཞུས་འདུག་པ་དང་།་དྲ་ཐོག་ཞུ་གཏུག་ལས་འགུལ་དེ་ནི་ཆབ་སྲིད་ངན་སྐུལ་ཞིག་ཡིན་སྐོར་བརྗོད་འདུག དྲ་ཐོག་ཞུ་གཏུག་ལས་འགུལ་དེའི་ཐོག་ཏུ་མིང་རྟགས་བཀོད་མཁན་ཁག་ཅིག་གིས། རྒྱ་ནག་གི་མི་རིགས་ཚང་མས་རྒྱ་ནག་གི་མངའ་ཁོངས་དང་བདག་དབང་ཁ་བྲལ་གཏོང་ཐབས་ཚང་མར་ངོ་རྒོལ་ཤུགས་ཆེན་ཡོད་པ། དེ་བཞིན་རང་གི་རྒྱལ་ཁབ་ལ་མི་དགའ་མཁན་ཞིག་འོས་འདེམས་བྱེད་དགོས་གང་ཡིན་པ། ཁོང་ནི་ཁྲམ་པ་དང་འཇིགས་སྐུལ་རིང་ལུགས་པ་ཡིན་པ། རྒྱ་ནག་གཅིག་ལས་མེད་པ་དང་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པ་སོགས་ཁོང་ལ་ཚིག་རྩུབ་འདྲ་མིན་བེད་སྤྱད་ནས་མཆན་བྲིས་འདུག

འཆི་མེད་ལྷ་མོས་བརྒྱུད་ལམ་ཞིག་གི་བཅར་འདྲི་ལ། རྒྱ་ནག་གི་སློབ་མ་རྣམས་ཀྱིས་ཁོང་ལ་གནས་ཚུལ་དེའི་སྐོར་ནས་ཐད་ཀར་གང་ཡང་བཤད་མེད་པ་དང་། རྒྱ་རིགས་སློབ་མ་རྣམས་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བ་ཡིན་ན། སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོའི་འབྱུང་འགྱུར་གྱི་ལས་འཆར་རྣམས་འགྲེལ་བརྗོད་བྱ་འདོད་ཡོད། དེ་བཞིན་རྒྱ་ནག་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཁུང་ཙི་ལྟེ་གནས་ཁང་སོགས་བརྒྱུད་ནས་ཁེ་ན་ཌའི་སློབ་གྲྭ་ཆེན་མོ་ཁག་གི་ལས་དོན་ལ་ཐེ་ཇུས་བྱེད་བཞིན་པའི་གནས་ཚུལ་ཁག་སློབ་མའི་མཐུན་ཚོགས་ཀྱི་ནང་ཕྱག་ལས་གནང་པའི་ཉམས་མྱོང་གི་ཐོག་ནས་གསལ་པོར་ཤེས་ཀྱི་ཡོད་པ།  རྒྱ་རིགས་སློབ་མ་ཚོས་དྲ་རྒྱ་བརྒྱུད་ཁོང་ལ་ཚིག་མཚོན་བཏབ་པ་དང་མི་བདེན་པའི་གནས་ཚུལ་མང་དག་ཞིག་འགྲེམས་སྤེལ་བྱས་པ་དེས། ཁོང་གི་ནང་མི་དང་གྲོགས་པོ་གྲོགས་མོ་རྣམས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་ཁྲལ་ཅུང་ཆེན་པོ་བྱུང་བ་ལས། ཁོང་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལྡན་པའི་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་བ་ཞིག་ཡིན་སྟབས། སྤྱི་ཚོགས་བརྒྱུད་ལམ་ཁག་གི་གླེང་སློང་འདྲ་མིན་བྱུང་བཞིན་པ་དེས་ཁོང་ལ་སྔར་ལས་ལྷག་པའི་སྐུལ་མ་དང་རང་གི་རྣམ་དཔྱོད་བེད་སྤྱད་ནས་རྨོངས་སྤྱོད་ལ་གདོང་ལེན་བྱ་རྒྱུར་གདེང་ཚོད་ཆེ་རུ་ཕྱིན་པར་ཕན་ཐོགས་བྱུང་སྐོར་ལན་འདེབས་བྱས་འདུག

༢༠༡༨ ལོའི་ཟླ་༡༡ པའི་ནང་སྟེ། ཁོང་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་མ་བྱུང་གོང་འཆི་མེད་ལྷ་མོ་ནི་གཙུག་ལག་སློབ་གྲྭ་ཆེན་མོ་དེའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཞོན་ལས་འགན་གནང་མུས་ཡིན་པ་དང་། ལས་འགན་དེའི་འོག་ཁོང་གིས་གཙོ་འགན་བཞེས་ཏེ་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གཏམ་བཤད་གོ་སྒྲིག་བྱས་ཐུབ་ཡོད་པ་དང་། མཐོ་སློབ་དེའི་རྒྱ་རིགས་སློབ་མ་ཁག་ཅིག་གིས་སྲིད་སྐྱོང་གི་གཏམ་བཤད་གནང་སའི་ཚོགས་ཁང་གི་བར་འཁྱམས་སུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༤༠༢ ཀློག་གྲངས།