པདྨ་ཚེ་བརྟན་གྱི་གློག་བརྙན་ལ་རྩེ་ཕུད་བྱ་དགའ་གསུམ་ཐོབ་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་སྙན་གྲགས་ཆེ་ཤོས་པདྨ་ཚེ་བརྟན་གྱི་གློག་བརྙན་གསར་པ་ལག་དམར་ཞེས་པ་དེར། ཧྥ་རན་སིར་འཚོགས་པའི་རྒྱལ་སྤྱིའི་ཨེ་ཤི་ཡའི་གློག་བརྙན་དུས་སྟོན་སྐབས་སུ། རྩེ་ཕུད་ཀྱི་བྱ་དགའ་གསུམ་ཐོབ་འདུག་པ་དང་། དེ་སྔོན་ནས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཁག་ཅིག་ནང་ཁོང་གི་གློག་བརྙན་རྣམས་ལ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མྱོང་བ་རེད།

དེ་ཡང་ཟླ་༢ པའི་ཚེས་༡༢ ཉིན་ཡུ་རོབ་ཧྥ་རན་སིར་འཚོགས་པའི་རྒྱལ་སྤྱིའི་ཨེ་ཤི་ཡའི་གློག་བརྙན་དུས་སྟོན་སྐབས་སུ། པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ལག་དམར་ཞེས་པ་དེར། དངོས་སྒྲུང་མ་ཡིན་པའི་གློག་བརྙན་གྲགས་ཅན་༨ ཁོངས་ནས་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་དང་། དེ་བཞིན་གློག་བརྙན་དཔྱད་བརྗོད་པས་འདེམས་ཐོན་བྱས་པའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ། དེ་བཞིན་ཧྥ་རན་སིར་ཡོད་པའི་ཨེ་ཤི་ཡའི་རིག་གནས་གཙུག་ལག་སློབ་གཉེར་ཁང་གིས་འདེམས་ཐོན་བྱས་པའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་བཅས་བྱ་དགའ་མི་འདྲ་བ་གསུམ་ཐོབ་འདུག

དེ་ཡང་ཕྱི་ལོ་༢༠༡༦ ལོར་གློག་བརྙན་དུས་སྟོན་དེར་པདྨ་ཚེ་བརྟན་གྱི་གློག་བརྙན་ཐར་ལོ་ལ་དུས་སྟོན་གྱི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ་མྱོང་འདུག་པས། གློག་བརྙན་དུས་སྟོན་དེའི་ལོ་རྒྱུས་ནང་གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ། གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐེངས་གཉིས་ཐོབ་མཁན་ཐོག་མ་དེ་པདྨ་ཚེ་བརྟན་ཆགས་འདུག

དེ་བཞིན་ཕྱི་ལོ༢༠༡༨ ལོའི་ཟླ་༩ པའི་ཚེས་༨ ཉིན་ཨི་ཊ་ལིའི་ཝེ་ནཱེ་སི་(Venice)རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་༧༥ པའི་ཐོག པདྨ་ཚེ་བརྟན་གྱི་གློག་བརྙན་ལག་དམར་ལ་འཁྲབ་གཞུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ་ཡོད་པ་རེད། བོད་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། པདྨ་ཚེ་བརྟན་གྱིས་གློག་བརྙན་འདིར་སྔོན་དང་མི་འདྲ་བའི་ཚོད་ལྟ་མང་པོ་བྱས་ཡོད་པ་མ་ཟད། གློག་བརྙན་གྱི་དགོས་དབང་ལྟར་དོན་བརྗོད་ཀྱི་འཁྲབ་སྟངས་མི་འདྲ་བའང་སྤྱད་ནས“གཞན་མཚུངས་མ་ཡིན་པའི་ལག་དམར”ཞིག་གི་རང་བཞིན་ཞིབ་བརྗོད་བྱས་ཡོད་པ་དང་། འཁྲབ་ཁྲིད་པ་ཝང་ཅ་བེ་ཆེད་དུ་གློག་བརྙན་འདིའི་ལྟ་སྐུལ་པར་གདན་ཞུ་བྱས་ཤིང་། རྒྱ་ནག་དང་རྒྱལ་སྤྱིའི་ནང་དུ་བྱ་དགའ་མང་པོ་ཐོབ་མྱོང་བའི་གློག་བརྙན་འཁྲབ་ཁྲིད་པ་སྐོར་ཞིག་ཀྱང་གློག་བརྙན་འདིའི་ཕབ་སྐྲུན་ཚོགས་པར་ཞུགས་ཡོད་པར་བརྗོད་འདུག གློག་བརྙན་གྱི་འཁྲབ་གཞུང་ནི་པདྨ་ཚེ་བརྟན་ཁོང་རང་ཉིད་ཀྱི་སྒྲུང་གཏམ《ལུག་གཅིག་ལྔ་ལམ་དུ་བརྫངས་པ》ཞེས་པ་དང་རྩོམ་པ་པོ་ཚེ་རིང་ནོར་བུའི་སྒྲུང་གཏམ《ལག་དམར》ཞེས་པ་གཉིས་བཅོས་བསྒྲིགས་བྱས་པ་ཡིན་ལ།  དེའི་ནང་ཤ་འཁོན་ལེན་པའི་དོན་རྐྱེན་ཞིག་ལས་དངུལ་སྒོར་སྦྱིན་ནས་ཕ་རོལ་པ་སྐྱོབ་པ་དང་བསྐྱུར་བའི་གཏམ་རྒྱུད་ཅིག་ཡིན་འདུག

པདྨ་ཚེ་བརྟན་ནི་རྩོམ་པ་པོ་དང་ལོ་ཙཱ་བ། འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་བྱེད་མཁན་ཞིག་ཡིན་པ་དང་། བོད་དང་རྒྱ་ནག དེ་བཞིན་རྒྱལ་སྤྱིའི་ནང་དུ་ཁོང་གི་སྒྱུ་རྩལ་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད། ཁོང་གིས་འཁྲབ་ཁྲིད་བྱས་ཟིན་པའི་གློག་བརྙན་ནང་དུ། ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ། འཚོལ། ཁྱི་རྒན། ཐར་ལོ། དེ་བཞིན་ལག་དམར་སོགས་ཡོད་པ་རེད་ལ། ཁྱི་རྒན་དང་ཐར་ལོ། ལག་དམར་བཅས་ལ་རྒྱལ་སྤྱིའི་ནང་རྩེ་ཕུད་བྱ་དགའ་མང་པོ་ཐོབ་མྱོང་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༤༠༧ ཀློག་གྲངས།