བོད་པ་རང་ངོས་གངས་སྐྱོན་ལ་རོགས་རམ་གནང་བཞིན་པ།

ཉེ་བའི་ཆར་བོད་ཁམས་སྟོད་ནང་ཆེན་ཉེར་ལྔའི་ནང་ཚན། དགེ་འབྲོང་གཉིས་ལ་ཁ་བའི་གནོད་སྐྱོན་ཚབས་ཆེན་ཕོགས་པ་དང་། ལྷག་པར་དུ་བདག་མེད་རི་དྭགས་ལྟོགས་ཤི་ཐེབས་ཉེར་ཡོད་པ་རྣམས་སྲོག་སྐྱོབ་ཐུབ་ཆེད། དགེ་རྒྱལ་གཟུ་རུ་དགོན་པའི་དགེ་འདུན་རྣམ་པས་སྣེ་ཁྲིད་པའི་མི་མང་གིས་རྩྭ་ཉོས་ཏེ། རི་ལ་འཛེགས་ནས་སྒོ་ཕྱུགས་དང་བདག་མེད་རི་དྭགས་ལ་སྦྱིན་ནས་སྲོག་སྐྱོབ་མཛད་ཡོད་པ་རེད།

དེ་ཡང་ཕྱི་ལོ་༢༠༡༩ ཟླ་༡ ཚེས་༢༧ ཉིན་ནས་བཟུང་ཟླ་༢ ཚེས་༡༢ བར་ཉིན་བཅུ་བདུན་རིང་། དགེ་རྒྱལ་གཟུ་རུ་དགོན་པའི་དགེ་འདུན་རྣམ་པས་སྣེ་ཁྲིད་པའི་མི་མང་གིས་རྩྭ་ཉོས་ཏེ། ཉིན་མཚན་ལྟོས་མེད་ཀྱི་ཐོག་ནས་རི་ལ་འཛེགས་ཏེ་སྒོ་ཕྱུགས་དང་བདག་མེད་རི་དྭགས་ལ་སྦྱིན་ནས་སྲོག་སྐྱོབ་མཛད་ཡོད་པ་རེད། གངས་སྐྱོན་ཐེབས་པའི་ས་གནས་རྫ་ཆེན་སྡེས་ཆེན་ནས། བག་ནག   རྡོ་དཀར་ནང་། སྐྱང་ནེ།   གདུང་བརྒྱ་གཞུང་།   བེས་རུ་གཞུང་དང་། ལ་མེད།  ཕྱེ་ཚུ་ལ། དངོས་རུང་དང་།  རྨད་རག་ཟེ་བཅས་ལ།    དགོན་པའི་དགེ་འདུན་པ་རྣམས་དང་ཨ་སྟོད་དང་།  ཕྱི་རུག་བསམ་གཞུང་།  རྫ་ཆེན་སྡེས་ཆེན་དང་། ལྕི་སྟོད་གྲམ་དཀར་དང་བར་མ་སྤྱི་རྫ་རྣམ་སྲས་བཅས་ནས་མི་གྲངས་མང་དུས་༡༡༢ དང་། ཉུང་བའི་སྐབས་སུ་༣༡ རེ་ཡོད་འདུག རླངས་འཁོར་༧༣ ནས་༡༨ ཀྱི་བར་གྱིས་གངས་སྐྱོན་ཐེབས་པའི་གཞུང་ལམ་བཅོས་ནས།  ཕྱུགས་ཟོག་ལ་གཟན་རྩྭ་ཉོ་ཆེད་རྒྱ་སྒོར་༢༡༤༢༠ དང་། རི་དྭགས་ལ་གཟན་རྩྭ་ཉོ་ཆེད་རྒྱ་སྒོར་༥༢༥༠༠  སྡེས་ཆེན་གྲོང་སྡེ་ལ་རྒྱ་སྒོར་༣༠༠༠ དང་རྩམ་པ་རྒྱ་མ་༡༠༠༠ ཨ་སྟོད་གྲོང་སྡེ་བཞི་ལ་རྒྱ་སྒོར་༡༢༠༠༠ དང་། རྩམ་པ་རྒྱ་མ་༡༠༠༠ སྡེས་ཆེན་ནད་པ་ཉམ་ཐག་བསོད་སྟོབས་ལ་རྒྱ་སྒོར་༢༠༠༠ སྨུག་གཞུང་ནད་པ་ཚེ་རིང་སྐྱིད་ལ་སྒོར་༡༠༠༠ བཅས་གནང་ཡོད་འདུག

ས་གནས་དེ་དག་སྤྱི་ཡོངས་དང་ལྷག་པར་དུ་བདག་མེད་རི་དྭགས་གནས་སྡོད་བྱེད་སའི་རི་བོ་རྣམས་ནི་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་༥༠༠༠ ཙམ་ཡིན་པ་དང་། དྲོད་ཚད་ནི་ཀླད་ཀོར་འོག་གི་ཨང་གྲངས་༣༠ ཙམ་དུ་གྱུར་ཡོད་པ་རེད། ད་དུང་སྐབས་རེར་ཚད་རིམ་༦-༧ བར་གྱི་རླུང་ཆེན་ཡང་གཡུགས་ཀྱི་ཡོད་པས། གསོ་རླུང་དཀོན་ཞིང་གྲང་ངར་ཧ་ཅང་ཆེ། གངས་ཀྱི་མཐུག་ཚད་ཀྱང་ཧ་ཅང་ཆེ་བས་སྐབས་འདིར་སྒོ་ཕྱུགས་དང་། བདག་མེད་རི་དྭགས་གང་མང་ཞིག་གི་ཚེ་སྲོག་ཤོར་ཡོད་ནའང་། དགེ་འདུན་པས་སྣེ་ཁྲིད་པའི་ལས་འགུལ་དེས་བདག་མེད་རི་དྭགས་དང་། སྒོ་ཕྱུགས་སེམས་ཅན་གང་མང་ཞིག་གི་ཚེ་སྲོག་སྲུང་སྐྱོབ་ཐུབ་ཡོད་འདུག་པའི་གནས་ཚུལ་དང་འདྲ་པར་ཁག་འབྲེལ་ཡོད་མིང་འདོན་འདོད་མེད་པ་ཞིག་གིས་ཡིག་ཐོག་ནས་འདི་ག་གསར་ཁང་ལ་མཁོ་སྤྲོད་གནང་སོང་།།

Share this:
༡༣༣༡ ཀློག་གྲངས།