བོད་ནང་བཙོན་རྭ་གསར་རྒྱག་བྱེད་བཞིན་འདུག་ཟེར།

རྒྱ་གཞུང་གིས་བོད་ནང་དུ་བཙོན་རྭ་གསར་རྒྱག་བྱེད་བཞིན་ཡོད་པར་མིས་བཟོས་སྲུང་སྐར་བརྒྱུད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་ཚུལ་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་ཉམས་ཞིབ་པ་ཞིག་གིས་བརྗོད་ཡོད་འདུག

བརྒྱུད་ལམ་ཁག་ནས་གསལ་བའི་གནས་ཚུལ་དུ། ཉེ་ཆར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་རྒྱ་གར་གྱི་དམག་དཔོན་ཟུར་པ་དང་ཉམས་ཞིབ་པ་སྐུ་ཞབས་ཝི་ནྰ་ཡ་བྷཊ་གདན་ཞུས་ཀྱིས་དེ་གའི་ཉམས་ཞིབ་པ་ཚོའི་ཆེད་དུ་སྲུང་སྐར་གྱི་པར་རིས་ངོ་རྟགས་གཅོད་ཚུལ་ཐད་དུས་ཡུན་ཉིན་གསུམ་གྱི་ཟབ་སྦྱོང་ཞིག་གོ་སྒྲིག་བྱས་ཡོད་འདུག་པ་དང་། ཚེས་༡༤ ཉིན་ཟབ་སྦྱོང་གནང་བའི་བར་མཚམས་ཤིག་ལ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གྱིས་སྐུ་ཞབས་ཝི་ནྰ་ཡ་བྷཊ་ཀྱིས་ཉེ་སྔོན་The print ཞེས་པའི་དྲ་ཚིགས་སུ་བཀོད་པ་བོད་ནང་གི་བཙོན་རྭའི་སྐོར་དཔྱད་རྩོམ་ཞིག་ཡོད་པ་དེ་དང་འབྲེལ་བའི་ཐོག་ནས་གཏམ་བཤད་ཅིག་གནང་རོགས་ཞུས་ཡོད་འདུག་པ་དང་། སྐབས་དེར་ཁོང་གིས་མིས་བཟོས་སྲུང་སྐར་ཐོག་ནས་དམིགས་བསལ་ཞིབ་འཇུག་བྱས་པ་བརྒྱུད་བོད་ཁམས་ཕྱོགས་སུ་ཡུ་གུར་གྱི་བཙོན་རྭ་དང་འདྲ་བའི་བཙོན་རྭ་གསུམ་ཙམ་ཞིག་གསར་རྒྱག་བྱེད་བཞིན་ཡོད་པར་མཐོང་ཐུབ་ཚུལ་གསུངས་ཡོད་འདུག

འོན་ཀྱང་ས་ཁུལ་གང་དུ་ཡིན་མིན་ཐད་ལ་ཁམས་ཀྱི་ལྷོ་ཕྱོགས་ས་ཁུལ་དུ་ཡིན་སྲིད་པར་གསུངས་པ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་གནང་མེད་པ་དང་། ཁོང་གིས་འཛུགས་བསྐྲུན་བྱེད་བཞིན་པའི་ཁང་པ་དེ་དག་གི་བཟོ་དབྱིབས་དང་ཤིན་ཅང་ས་ཁུལ་ནང་གི་ངལ་རྩོལ་བཙོན་རྭ་འཛུགས་བསྐྲུན་བྱས་པ་གཉིས་ཀྱི་བཟོ་དབྱིབས་གཅིག་མཚུངས་ཡིན་པར་གསུངས་འདུག དེ་བཞིན་བརྙན་པར་ནང་བལྟས་ན་ཁམས་ཁུལ་དུ་གསར་རྒྱག་བྱེད་བཞིན་པའི་འཛུགས་བསྐྲུན་དེ་དག་གི་རྩིག་པའི་རྒྱ་ཁྱོན་དང་ཁང་པའི་བཟོ་དབྱིབས། ཉེན་སྲུང་བའི་སོ་ཁང་སོགས་མཐོང་རྒྱུ་ཡོད་པས། དེ་དག་ལ་གཞིགས་ན་གསར་རྒྱག་བྱེད་བཞིན་པའི་འཛུགས་བསྐྲུན་དེ་དག་ངལ་རྩོལ་གྱི་བཙོན་རྭ་ཞིག་ཡིན་པ་བཤད་ཐུབ་པར་ཁོང་གིས་འགྲེལ་བརྗོད་གནང་ཡོད་འདུག

ད་དུང་སྲུང་སྐར་གྱི་བརྙན་པར་གཞན་འགྲེལ་བརྗོད་བྱས་པའི་ནང་དུ།

༢༠༡༢ ལོར་ས་ཡོམ་གནོད་སྐྱོན་ཕོག་པའི་ཁམས་དཀར་མཛེས་ཁུལ་གྱི་དགོན་པ་ཞིག་རྗེས་སུ་བསྐྱར་གསོའི་ལས་གཞིའི་འོག་ད་ཆ་དགོན་པ་དེ་ཡང་བཙོན་རྭ་ཆེན་པོ་ལྟ་བུ་ཞིག་བཟོས་ཡོད་པ་ཡང་མིས་བཟོས་སྲུང་སྐར་གྱི་བརྙན་པར་ཐོག་ནས་ཤེས་རྟོགས་ཐུབ་པ་ཡིན་ཚུལ་གསུངས་ཡོད་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

Share this:
༡༢༠༣ ཀློག་གྲངས།