རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་ལམ་ཛ་དྲག་ཏུ་ཕྱིན་པ།

རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་གནས་སུ། གཞོན་སྐྱེས་དྲག་སྤྱོད་པ་ཞིག་གིས་རྒྱ་གར་དབུས་གཞུང་གི་ཉེན་རྟོག་རུ་ཁག་གི་རླངས་འཁོར་ལ། འབར་རྫས་འཁེངས་པའི་རླངས་འཁོར་ཞིག་གིས་བརྡུངས་ནས་དྲག་རྒོལ་བྱས་ཏེ། ཉེན་རྟོག་པ་ཉུང་མཐར་༤༠ བསད་པའི་གནས་ཚུལ་དང་འབྲེལ་ནས། རྒྱ་གར་གྱིས་དྲག་སྤྱོད་སྤེལ་མཁན་གྱི་ཚོགས་པར་པ་ཀི་སི་ཐན་གྱིས་སྲུང་སྐྱོབ་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། པ་ཀི་སི་ཐན་དང་དྲག་སྤྱོད་པ་ཚོགས་པ་གཉིས་ཀར་རྒོལ་ལན་དྲག་པོ་བསློགས་རྒྱུ་ཡིན་སྐོར་བརྗོད་འདུག

དེ་ཡང་ཟླ་༢ པའི་ཚེས་༡༤ ཉིན་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀ་ཤི་མིར་ས་གནས་ཀྱི་ལྷོ་ཕྱོགས་སུ། ས་གནས་དེའི་དྲག་སྤྱོད་པ་ཞིག་གིས་འབར་རྫས་ཀྱིས་འཁེངས་པའི་རླངས་འཁོར་ཞིག་བཏང་ནས། ས་གནས་དེར་སྒྲིག་འཇོག་བྱས་པའི་རྒྱ་གར་དབུས་གཞུང་གི་ཉེན་རྟོག་རུ་ཁག་མང་པོ་ཡོད་པའི་རླངས་འཁོར་ཞིག་ལ་བརྡུངས་ནས་རང་མེད་གཞན་མེད་ཀྱི་འབར་གས་དྲག་རྒོལ་བྱས་ཡོད་པ་རེད། དྲག་སྤྱོད་དེའི་ཁྲོད་ཉེན་རྟོག་པ་ཉུང་མཐར་༤༠ བསད་ཡོད་པ་དང་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་། དྲག་སྤྱོད་དེར་པ་ཀི་སི་ཐན་དུ་ཡོད་པའི་( Jaish-e-Mohammed)འཇིགས་སྐུལ་ཚོགས་པས་འགན་ལེན་བྱས་འདུག ཚོགས་པ་དེའི་དམིགས་ཡུལ་གཙོ་བ་ནི་ཀ་ཤི་མིར་ས་གནས་དེ་རྒྱ་གར་ནས་ཁ་བྲལ་བཏང་ནས། པ་ཀི་སི་ཐན་འོག་ཏུ་བསྡད་རྒྱུ་ཡིན་པ་དང་། ལོ་མང་རིང་ནས་རྒྱ་གར་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་བཞིན་པ་རེད་འདུག

དྲག་རྒོལ་དེ་ནི་ད་བར་ཀ་ཤི་མིར་ནང་དུ། ཉེན་རྟོག་རུ་ཁག་ལ་དྲག་རྒོལ་ཚབས་ཆེ་ཤོས་ལ་ངོས་འཛིན་བྱེད་བཞིན་འདུག་པ་དང་། དྲག་རྒོལ་སྤེལ་མཁན་ནི་ས་གནས་དེ་གའི་གཞོན་སྐྱེས་ཤིག་ཡིན་འདུག བརྒྱུད་ལམ་ཁག་ཅིག་ཏུ་དྲག་སྤྱོད་པ་དེ་རང་ལོ་༡༩ ཡིན་པ་བརྗོད་བཞིན་འདུག་ཀྱང་། ཁག་ཅིག་ཏུ་རང་ལོ་༢༢ ཡིན་ཚུལ་བརྗོད་བཞིན་འདུག དྲག་སྤྱོད་སྤེལ་ཟིན་རྗེས་ཉིན་དེའི་ཕྱི་དྲོར་བརྒྱུད་ལམ་ཁག་ཏུ་དྲག་སྤྱོད་པ་དེས་སྔོན་ཚུད་ནས་བརྙན་འཇུག་བྱས་པའི་བརྙན་ཐུང་ཞིག་དྲ་ལམ་ཁག་ཏུ་ཁྱབ་འདུག དེའི་ནང་ཁོས་རང་ཉིད་པ་ཀི་སི་ཐན་དུ་ཡོད་པའི་འཇིགས་སྐུལ་ཚོགས་པ་དེའི་རང་སྲོག་བློས་གཏོང་མཁན་གྱི་རུ་ཁག་ནང་འདེམས་སྒྲུག་བྱས་ཡོད་པ་དང་། བརྙན་ཐུང་དེ་མི་མང་གིས་མཐོང་དུས་རང་ཉིད་ལྷ་ཡུལ་དུ་སླེབས་ཟིན་ཡོད་སྐོར། དེ་བཞིན་རྒྱ་གར་ནང་ཀ་ཤི་མིར་གྱི་ཁ་ཆེ་དང་ཁ་ཆེ་བ་གཞན་རྣམས་ཀྱི་དཀའ་སྡུག་སྐོར་བཤད་ནས། ཁ་ཆེ་བ་རྣམས་ལ་བཙན་གནོན་གཏོང་བཞིན་ཡོད་པ་དེས། ཁོ་ཚོས་རྒོལ་ལན་བསློག་པའི་སེམས་ཤུགས་སྤོར་གྱི་ཡོད་པ། དེ་བཞིན་ཀ་ཤི་མིར་གྱི་བྱང་དཀྱིལ་མི་མང་རྣམས་ནས། རྒྱ་གར་ལ་ཁ་གཏད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་པའི་སྐུལ་མ་བྱས་འདུག དེ་ཡང་དྲག་སྤྱོད་པ་དེའི་ནང་མིས། ཁོང་ནི་བུ་འགན་ཁུར་ཅན་ཞིག་ཡིན་པ་དང་། ཐེངས་ཤིག་ཉེན་རྟོག་པ་ཁག་ཅིག་གིས་ཁོང་སློབ་གྲྭ་ནས་ཕྱིར་ལོག་བཞིན་སྐབས་ལམ་བཀག་ནས། ས་ལ་སྣ་བདར་བཞིན་ཁོ་ཚོའི་རླངས་འཁོར་ལ་བསྐོར་བ་བྱེད་དུ་བཅུག་ཡོད་སྐོར་དང་། གནད་དོན་དེས་ཁོ་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་སྐོར་བརྗོད་འདུག

 

དྲག་སྤྱོད་ཀྱི་གནད་དོན་དེ་ལྷག་རྗེས་རྒྱ་གར་གྱི་ས་གནས་མང་པོ་ཞིག་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་ཚོས་དྲག་སྤྱོད་དེར་རྒོལ་ལན་དྲག་པོ་སློག་དགོས་པ་དང་། པ་ཀི་སི་ཐན་ལ་ངོ་རྒོལ་ཆེན་པོ་བྱས་ཡོད་ཁར། རྒྱ་གར་གྱི་སྲིད་བློན་མཱོ་དྷི་ཡིས་དྲག་སྤྱོད་དེ་སྤེལ་མཁན་ཚོར་རྒོལ་ལན་དྲག་པོ་བསློག་རྒྱུ་ཡིན་པ་དང་། དྲག་སྤྱོད་དེ་ཚོར་རྒྱབ་སྐྱོར་བྱེད་མཁན་ལ་ཡང་ཉེས་པ་ཆེན་པོ་གཏོང་རྒྱུ་ཡིན་སྐོར་བརྗོད་ནས། པ་ཀི་སི་ཐན་གྱིས་རྒྱ་གར་ནང་བརྟན་ལྷིང་མེད་པ་བཟོ་ཐུབ་ཀྱི་རེད་དྲན་གྱི་ཡོད་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་སྐོར་བརྗོད་འདུག

པ་ཀི་སི་ཐན་གྱིས་དྲག་སྤྱོད་དེ་དང་འབྲེལ་བ་གང་ཡང་མེད་སྐོར་བརྗོད་ནས། རྒྱ་གར་གྱིས་རང་སྣང་གང་ཤར་གྱིས་ཉེས་འཛུགས་བྱེད་མི་རུང་སྐོར་བརྗོད་འདུག འོན་ཀྱང་རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་གྱིས། དྲག་རྒོལ་དེའི་ནང་པ་ཀི་སི་ཐན་གྱི་ལག་པ་ཡོད་པའི་རྩོད་མེད་ཀྱི་དཔང་རྟགས་ཡོད་པ་བརྗོད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་པ་ཀི་སི་ཐན་ཟུར་དུ་ཕུད་ཐུབ་པ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དྲག་རྒོལ་དེར་འགན་ལེན་བྱེད་མཁན་གྱི་འཇིགས་སྐུལ་ཚོགས་པ་དེའི་གཙོ་འཛིན་ཨ་ཛར་ད་ལྟའི་ཆར་པ་ཀི་སི་ཐན་དུ་ཡོད་པ་དང་། རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་པའི་ཐོ་གཞུང་ནང་ཁོང་འཇོག་ཐབས་བྱས་ཡོད་ཀྱང་། པ་ཀི་སི་ཐན་གྱི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་ནག་གིས་ལས་དོན་དེར་དགག་བྱ་བྱས་ཡོད་པ་རེད། ཟླ་ཤས་ནང་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་རྒྱུ་ཡིན་པ་དང་བསྟུན། མཱོ་དྷི་སྲིད་གཞུང་ལ་དྲག་རྒོལ་དེར་རྒོལ་ལན་དྲག་པོ་ཞིག་བསློགས་ནས་རྒྱ་གར་མི་མང་ནས་རྒྱབ་སྐྱོར་ཐོབ་པ་བྱ་རྒྱུའི་གནོན་ཤུགས་ཆེན་པོ་སླེབས་བཞིན་ཡོད་པ་དང་བསྟུན། དཔྱད་བརྗོད་པ་མང་པོ་ཞིག་གིས། མྱུར་དུ་རྒྱ་གར་ངོས་ནས་རྒོལ་ལན་བསློག་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག

དྲག་རྒོལ་གྱི་གནད་དོན་དེ་དང་བསྟུན་ནས། རྒྱ་གར་གྱི་མངའ་སྡེ་གཞན་ནང་གནས་སྡོད་བྱེད་བཞིན་པའི་ཀ་ཤི་མིར་ཁ་ཆེ་དང་ཁ་ཆེ་གཞན་རྣམས་ལ། ཧིན་རྡུ་མི་མང་གིས་དྲག་རྒོལ་བྱེད་སྲིད་པའི་འཇིགས་སྣང་དང་གཟབ་ནན་ངང་སྡོད་དགོས་ཀྱི་ཡོད་པའི་གནས་ཚུལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Share this:
༡༣༦༨ ཀློག་གྲངས།