༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཤིག་འཚོག་རྒྱུ་རེད་འདུག

འདི་ལོའི་ཕྱི་ཟླ ༤ པའི་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་སྤེལ་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཤིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཏལ་ཀ་ཏོ་རཱ་Talkatora Indoor Stadium རྩེད་ཐང་ཆེན་མོར་འཚོག་རྒྱུ་ཡིན་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་བསླབ་གཞི་དེ་རྒྱལ་སྤྱིའི་ངོ་བོའི་ཐོག་ནས་དབུ་འབྱེད་གནང་རྒྱུ་ཡིན་འདུག དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་བརྒྱུད་ལམ་གཞན་ནས་གནས་ཚུལ་སྤེལ་གསལ།

༢༠༡༩ ཟླ་༤ ཚེས་༤ ནས་ཚེས་༦ ཉིན་ཨ་རི་ཨེ་མོ་རི་མཐོ་སློབ་དང་ཏྰ་ལའི་བླ་མའི་ཐེབས་རྩ། རྒྱ་གར་ནང་རྟེན་གཞི་བྱས་པའི་Vana Foundationཝ་ན་ཐེབས་རྩ་ཁང་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག་རྒྱལ་ཁབ་མི་འདྲ་བ་༣༠ ནས་ཤེས་ཡོན་སློབ་སྟོན་མི་སྣ་དང་མཁས་དབང་། དེ་བཞིན་ཉམས་ཞིབ་པ་སོགས་ཚོགས་བཅར་བ་༢༠༠༠ ཙམ་མཉམ་ཞུགས་གནང་བའི་ཐོག་ནས། ༧གོང་ས་མཆོག་གིས་གསར་གཏོད་མཛད་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་སྐོར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལྷན་ཚོགས་ཤིག་འཚོག་རྒྱུ་ཡིན་འདུག

དེ་ནི་༸གོང་ས་མཆོག་དང་ཨ་རི་ཨེ་མོ་རི་མཐོ་སློབ་ཀྱི་བར་ལོ་ངོ་༢༠ ལྷག་གི་རིང་སྒོམ་སྒྲུབ་དང་བྱམས་བརྩེ་གཞི་རྩར་གྱུར་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་གོ་བསྡུར་གནང་བའི་གྲུབ་འབྲས་ཡིན་འདུག ཚོགས་ཐོག་ཏུ་རྒྱལ་སྤྱིའི་སྟེང་ནས་སྤྱི་ཚོགས་དང་ཚོར་ཤེས་ཐོག་མཁས་དབང་དང་ཆེད་ལས་མི་སྣ་ལྕམ་ལིན་ཌ་ལན་ཏེ་རི་Linda Lantieri ལགས་དང་། ཀིམ་བྷར་ལི་Kimberly Schonert-Reichlལགས། དེ་བཞིན་རྒྱ་གར་བ་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ཀེ་ལ་ཤི་སཏྱཱར་ཐི་Kailash Satyarthiམཆོག་སོགས་ཕེབས་རྒྱུ་ཡིན་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༧ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་གོང་འཕེལ་གཏོང་ཐབས་ཀྱི་བསླབ་གཞི་དབུ་འབྱེད་གནང་རྒྱུ་ཡིན་འདུག

གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

Share this:
༡༠༠༥ ཀློག་གྲངས།