གཞོན་ལྷན་གྱིས་གསུམ་དུས་སྐབས་མི་མང་འདུ་འཛོམས་ཀྱི་ལས་འགུལ་སྤེལ་འཆར།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱིས་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང། བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་བཅས་ཀྱི་ཆེད་དུ་འདི་ལོའི་བོད་ཀྱི་གསུམ་བཅུའི་སྒེར་ལངས་ཆེན་མོ་དྲན་གསོ་དང་སྟབས་བསྟུན། ལྡི་ལི་རུ་མི་མང་འཛོམས་ཀྱི་ཁྲོམ་སྐོར་དང་ཞི་བའི་གོམས་བགྲོད་ལས་འགུལ་ཉིན་གསུམ་རིང་སྤེལ་རྒྱུ་ཡིན་པ་རེད།

ཟླ་འདིའི་ཚེས་༡༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དྷ་སའི་གཞོན་ལྷན་དབུས་ལས་ཁུངས་སུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་པ་དང་། ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས། “ད་ལོའི་གསུམ་བཅུའི་དུས་དྲན་འདི་གསུམ་བཅུའི་སྒེར་ལངས་བྱས་ནས་ལོ་དྲུག་ཅུ་འཁོར་བ་དང་། ང་ཚོ་སྐྱབས་བཅོལ་དུ་ཡོང་ནས་ལོ་དྲུག་ཅུ་འཁོར་རེེད། ད་དུང་ང་ཚོས་ལུང་པ་རྒྱའི་བཙན་འོག་ཏུ་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་རྒྱུའི་སྲིད་ཇུས་འོག བོད་མི་རིགས་འདི་གནས་ཐུབ་མིན་ལ་ཆགས་ཡོད་རེད་ལ། བཙན་བྱོལ་ནང་དུ་ཡང་རྒྱ་ནག་གི་དཀྲུག་ཐབས་བྱས་ནས། ང་ཚོ་ཁ་འཐོར་གཏོང་ཐབས་བྱེད་ཀྱི་ཡོད་རེད། བླ་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གི་བཀའ་དྲིན་དང་བོད་ནང་གི་བོད་མིའི་སྙིང་སྟོབས་ལ་བརྟེན་ནས། རྒྱ་ནག་གཞུང་གི་འདོད་དོན་བཞིན་འགྲུབ་ཀྱི་མ་རེད། ལོ་༦༠ རིང་ང་ཚོའི་འཐབ་རྩོད་གནས་ཐུབ་པ་དེ་རྒྱལ་ཁ་ཞིག་རེད། ང་ཚོ་སྐྱབས་བཅོལ་ལ་ཡོང་དོན་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཚོའི་སྙིང་སྟོབས་དྲན་པའི་ཐོག་ནས། གཞོན་ལྷན་གྱི་ནང་མཉམ་ཞུགས་གནང་རོགས་”ཞེས་གསུངས་སོང་། ༣ པའི་ཚེས་༡༠ ནས་ཉིན་གསུམ་རིང་རྒྱ་ནག་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་དང་། ཞུ་བའི་གོམ་བགྲོད། མི་མང་འདུ་འཛོམས་བཅས་ཀྱི་ལས་འགུལ་སྤེལ་འཆར་ཡོད་པ་རེད།

གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། “ཕྱི་ལོ་༡༩༥༩ ཟླ་བ་༣ ཚེས་༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས། བོད་བསྟན་སྲིད་མི་རིགས་ཆེད་རྒྱ་དམར་གྱི་ཁྲིམས་འགལ་བཙན་གནོན་ལ་ངོ་རྒོལ་སྒེར་ལངས་བྱས་ཏེ་ལོ་ངོ་དྲུག་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན། དེ་རིང་འཛམ་གླིང་ས་གནས་གང་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ཀྱིས། ཕྱི་ལོ་༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་བོད་དུ་བཙན་འཛུལ་དང་བཙན་གནོན་བྱས་པར་ངོ་རྒོལ་དང་། རྒྱལ་ཁབ་བསྐྱར་འཛུགས་ཀྱི་འཐབ་རྩོད་ཆེད་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་བཀའ་དྲིན་རྗེས་དྲན་གྱི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་”ཅེས་དང་ཉིན་རྒྱ་ནག་གི་དྲག་གནོན་འོག་བོད་མི་སྟོང་ཕྲག་བརྒལ་བའི་ཚེ་སྲོག་ཤོར་ཡོད་སྐོར་འཁོད་ཡོད་པ་རེད།

གསལ་བསྒྲགས་ནང་། “ང་ཚོས་གོ་སྐབས་འདི་བརྒྱུད་ནས་འཛམ་གླིང་ས་གནས་གང་སར་ཡོད་པའི་བོད་མི་ཚོའི་སེེམས་ལ་ན་ཟུག་བཏང་བའི་སྐྱོ་གར་གྱི་ཉིན་མོ་ཞིག་དང་། བོད་ཀྱི་ལོ་རྒྱུས་ནང་ནམ་ཡང་བརྗེད་ཐབས་མེད་པའི་མུན་ནག་གི་ཉིན་མ་ཞིག་སྲུང་བརྩི་ཞུ་བ་དང་སྦྲགས། ད་བར་རྒྱ་གཞུང་གི་བཙན་དབང་དང། གཉའ་གནོན་གྱི་སྲིིད་ཇུས་ལ་འགོག་རྒོལ་དང་བོད་མིའི་ཐོབ་ཐང་རྩོད་ལེན་ཆེད་དུས་མིན་རྐྱེན་འདས་སུ་སོང་བ་རྣམས་དང། གནར་གཅོད་མྱངས་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ལྷག་བསམ་དང། སྙིང་སྟོབས་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང། རྒྱ་གཞུང་གིས་བཤད་བཞིན་པའི་བོད་ཞི་བས་བཅིངས་འགྲོལ་ཞེས་པ་རྫུན་གཏམ་ཞིག་ཡིན་པ་དྲན་སྐུལ་དང་ནན་བརྗོད་ཞུ་རྒྱུ་ཡིན། བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་ལོ་ངོ་དྲུག་ཅུ་འཁོར་བའི་དུས་དྲན་ཉིན་འདིར། འདི་ག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འདི་ལོ་ཕྱི་ཟླ་༣ ཚེས་༡༠ ནས་༡༢ བར་ཉིན་གྲངས་གསུམ་གྱི་རིང་རྒྱ་གར་རྒྱལ་ས་ལྡི་ལིར་ཞི་རྒྱ་ཆེ་བའི་ལས་འགུལ་གོ་སྒྲིག་ཞུ་གཏན་འཁེལ་བ་ལགས་ན། རྒྱ་གར་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་པས་ལས་འགུལ་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

ལས་འགུལ་དེའི་དམིགས་ཡུལ་སྐོར་འཁོད་དོན། “བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལས་འགུལ་འདི་བཞིན་གོ་སྒྲིག་བྱེད་པའི་དམིགས་ཡུལ་ནི་ད་ལྟའི་བོད་ནང་གི་དཀའ་ཚེགས་དུས་བབ་དྲིལ་བསྒྲགས་དང། རང་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པའི་སྙིང་སྟོབས་ལ་གུས་བཀུར་དང་དགོས་འདུན་ལ་རྒྱབ་སྐྱོར། རྒྱ་གཞུང་གི་གདུག་རྩུབ་ཅན་གྱིས་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་དང། བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་བཅས་ཀྱི་ཆེད་དུ་ཡིན། ང་ཚོ་བྱེས་གྱར་བོད་མི་ཡོངས་ནས་བོད་ནང་གནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ཀྱི་དཀའ་སྡུག་དང། བོད་མི་རིགས་ཆགས་འཇིག་གི་གནས་སུ་གྱར་བའི་ཛ་དྲག་གི་གནས་ཚུལ་ལ་ཐུགས་སྣང་གིས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་རྡོག་རྩ་ཆིག་སྒྲིལ་ཐོག་མཉམ་བཞུགས་ཀྱིས། བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་མངོན་འདོད་དང་གནས་སྟངས་ངོ་མ་རྒྱལ་སྤྱིའི་གཞུང་དམངས་གཉིས་ལ་གསལ་སྟོན་བྱེད་ཐུབ་པ་ང་ཚོའི་ལས་འགན་ཡིན་པ་དེ་རིང་དྲན་སྐུལ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག །

གསར་འགོད་པ་ཆོས་ཉིད་འོད་ཟེར།

Share this:
༡༤༣༡ ཀློག་གྲངས།