ཨོ་སི་ཀྲི་ལི་ཡའི་རིག་གཞུང་སྣ་མང་དུས་ཆེན་ལ་བོད་མི་ཚོས་མོག་མོག་ལས་འགུལ།

ཨོ་སི་ཀྲི་ལི་ཡ་རྒྱལ་ཁབ་ཀྱི་རིག་གཞུང་སྣ་མང་དུས་ཆེན་ཐེངས་ཉེར་གསུམ་པ་འཚོག་ སྐབས་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་ཁེན་བྷེ་ར་བོད་རིགས་མཐུན་ཚོགས་གཙོས་བོད་མི་རྣམས་མཉམ་ཞུགས་བྱས་ཏེ་ལས་འགུལ་སྣ་ཚོགས་སྤེལ་ཡོད་འདུག
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༢ ཚེས་༡༥ ནས་ཉིན་གསུམ་རིང་ཨོ་སི་ཀྲི་ལི་ཡའི་རིག་གཞུང་སྣ་མང་དུས་ཆེན་ཐེངས་ཉེར་གསུམ་པ་རྒྱལ་ས་ཁེན་བྷེ་རར་འཚོགས་ཡོད་འདུག་པ་དང་། སྐབས་དེར་ཁེན་བྷེ་རར་བོད་རིགས་མཐུན་ཚོགས་ཀྱིས་མོག་མོག་ཚོང་འགྲེམས་ཀྱི་ལས་འགུལ་ཞིག་སྤེལ་ཏེ། རྒྱལ་ཁབ་འདྲ་མིན་ནས་ཞལ་ལག་འགྲེམས་སྟོན་གྱི་སྡིངས་ཆའི་ཐོག་བོད་ཀྱི་མོག་མོག་གི་སྐད་གྲགས་ཀུན་གྱིས་ཐོས་པར་བྱས་ཡོད་པས་བོད་རིགས་མཐུན་ཚོགས་ལ་ཡོང་འབབ་ཀྱི་དགེ་མཚན་དང་། བོད་ཀྱི་ཞལ་ལག་དང་བོད་ཀྱི་སྤྱི་ཚོགས་ཁྱབ་བསྒྲགས། གཞན་ཡང་སྐབས་དེར་རྒྱ་མི་ཚོས་མོག་མོག་དེ་རྒྱ་མིའི་པའོ་ཙིའམ་ཅའོ་ཙེ་ཡིན་ལུགས་ཀྱི་ཕྲག་དོག་བྱེད་དགོས་པ་བཅས་བྱུང་ཡོད་འདུག

དེ་བཞིན་ཚེས་༡༦ ཉིན་ འཛམ་གླིང་མི་རིགས་འདྲ་མིན་གྱིས་སོ་སོའི་ཁྱད་ཆོས་ལྡན་པའི་གཞས་དང་ཞབས་བྲོ་འཁྲབ་སྟོན་བྱེད་སའི་སྡིངས་ཆ་ཆེན་མོའི་སྟེང་དུའང་། བོད་རིགས་མཐུན་ཚོགས་ཀྱི་ཕོ་སར་མོ་སར་ཚོས་བོད་ཀྱི་ཐུན་མིན་གྱི་ཆས་གོས་གཟབ་མཆོར་སྤྲས་ཏེ། ཆོལ་གསུམ་གཞས་སྣ་ཁག་འཁྲབ་སྟོན་བྱས་པས་ལྟད་མོ་བ་ཚོས་བོད་ཀྱི་རིག་གཞུང་དང་འཁྲབ་སྟོན་པ་ཚོའི་ཉམས་འགྱུར་ལ་དགའ་བསུ་ཐོབ་ཡོད་འདུག
གཞན་ཡང་ཚེས་༡༧ ཉིན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཨོ་གླིང་གཞུང་གིས་བགོ་འགྲེམས་གནང་བའི་གུར་ལ་ཤམ་བུ་སོགས་བོད་ལུགས་ཀྱི་བཟོ་བཀོད་གནང་སྟེ། དེའི་ནང་༧གོང་ས་མཆོག་གི་སྐུ་པར་དང་ཐང་ཁ་སོགས་སྐུ་གསུང་ཐུགས་རྟེན་བཤམས་པའི་མདུན་དུ་ཡོན་ཆབ་ཕུལ་བས་མཚོན་བོད་པའི་ཁྱིམ་ཚང་གི་ཉིན་རེའི་འཚོ་བའི་རྣམ་པ་བསྟན་ཡོད་འདུག སྐབས་དེར་བརྙན་འཕྲིན་ནང་དུ་༸གོང་ས་མཆོག་གིས་ཨིན་ཇིའི་ཐོག་ནས་གནང་བའི་གསུང་ཆོས་ཁག་ཉིན་གང་བསྟན་པ་དང་། དེ་མིན་༸གོང་ས་མཆོག་གི་ཕྱག་དེབ་ཁག་ཅིག་དང་། བོད་ཀྱི་ནང་ཆོས་དང་ཁོར་ཡུག་འབྲེལ་བའི་ཨིན་ཡིག་དེབ་སོགས།
མདོར་ན་བོད་དོན་དང་འབྲེལ་བའི་རིན་མེད་ཀྱི་དེབ་འགྲེམས་སྤེལ་དང་དྲ་གནས་ངོ་སྤྲོད་གནང་ཡོད་འདུག
ཨོ་སི་ཀྲི་ལི་ཡའི་དོན་གཅོད་མཚོ་སྒོ་ལྷག་པ་དང་ལས་བྱེད་གཉིས་ཀྱིས་བོད་དོན་དོ་སྣང་ཅན་རྣམས་ལ་ངག་ཐོག་ནས་འགྲེལ་བརྗོད་ཞུས་ཏེ་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་ཞིག་སྤེལ་ཐུབ་ཡོད་པའི་གནས་ཚུལ་འདུག

སྣ་མང་རིག་གཞུང་འཁྲབ་སྟོན་ནི་རྒྱལ་ཁབ་དང་ས་ཁུལ་༡༧༠ ལྷག་གི་ཡུལ་མིས་གྲུབ་པའི་རྒྱལ་ས་ཁེན་བྷེ་རའི་ཁྱད་ཆོས་གཙོ་བོ་ཡིན་འདུག་པ་དང་། ད་ལོའི་རིག་གཞུང་སྣ་མང་དུས་ཆེན་ལ་མི་རིགས་འདྲ་མིན་གྱི་འཁྲབ་སྟོན་པ་༢༠༠༠ ལྷག་གིས་འཁྲབ་སྟོན་བྱས་ཡོད་པ་དང་། གུར་ཁྱིམ་༣༠༠ ལྷག་གི་ནང་ནས་མི་རིགས་འདྲ་མིན་གྱིས་ཞལ་ལག་འགྲེམས་ཚོང་བྱེད་ཀྱི་ཡོད་པར་བརྗོད་འདུག །
གསར་འགོད་པ་བསྟན་འཛིན་ལམ་བཟང་།

 

 

Share this:
༡༠༦༧ ཀློག་གྲངས།