ལོ་འདིར་འགྱུར་བ་གང་ཡང་མེད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༧  ཕྱི་ལོ་ ༢༠༡༩/༢ /༦

བོད་པ་ནི་ལོ་སར་ལ་དགའ་མོས་དང་གྲ་སྒྲིག་མང་པོ་བྱེད་མཁན་གྱི་གྲས་ཤིག་ཡིན་པ་དང་། ལོ་སར་གྱི་བྱུང་རིམ་ཐོག་ནས་ཀྱང་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་ཚོད་འདུག ད་ལྟ་བོད་ས་ཡོངས་སུ་སྲུང་བརྩི་བྱེད་པའི་ལོ་སར་གྱི་དུས་ཚིགས་འདི་ནི་བོད་པ་རང་གི་ལོ་རྒྱུས་གལ་ཆེན་པོ་ཞིག་དང་འབྲེལ་ནས་བྱུང་བ་མ་ཡིན་པར། སོག་པོའམ་ཧོར་གྱི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་བྱུང་བ་ཞིག་རེད། ད་བར་བོད་ནང་གི་ལོ་ཐོ་ཁག་ཏུ་ད་ལྟ་བརྩི་བཞིན་པའི་ཟླ་འདི་ལ་ཧོར་ཟླ་ཞེས་བྲིས་པ་ལས། བོད་ཟླ་ཞེས་བྲིས་པ་ཞིག་ཕལ་ཆེར་མཐོང་རྒྱུ་མེད་ལ། ཧོར་ཟླ་དང་པོ་དང་གཉིས་པ་ཞེས་ཡོངས་གྲགས་སུ་བརྩི་བཞིན་ཡོད། དེ་བཞིན་ཨ་མདོའི་ས་ཁུལ་ཁག་ཅིག་ནས་རྒྱ་ལོ་ཞེས་ད་ལྟ་བོད་ཀྱི་ལོ་སར་ལས་ཟླ་གཅིག་ཙམ་གྱི་སྔོན་དུ་བརྩི་སྲོལ་ཞིག་ཀྱང་ཡོད་འདུག་ཅིང་། གཞན་ཡང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་བེའུ་ལུག་སོ་སར་རམ་ལོ་ཆུང་ཞེས་དུས་ཚོད་དེ་རུ་ལོ་སར་བསྡུས་ཙམ་ཞིག་གཏོང་སྲོལ་ཡོད་པ་རེད། ད་དུང་ཀོང་པོའི་ལོ་སར་དང་། ཉག་རོང་གི་བཅུ་གསུམ་སོགས་ས་ཁུལ་སོ་སོར་དར་སྲོལ་མི་འདྲ་བ་ཡང་མང་པོ་ཡོད་པ་རེད།

གང་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་སར་བྱེད་པའི་ལོ་རྒྱུས་དང་རྒྱབ་ལྗོངས་སོགས་ལ་མ་ལྟོས་པར། བོད་ས་སྟོད་སྨད་བར་གསུམ་ནས་དུས་ཚོད་འདིར་ལོ་སར་དགའ་སྟོན་བྱས་ནས་མི་ལོ་བརྒྱད་བརྒྱ་དགུ་བརྒྱ་ཞིག་སོང་ཡོད་པས། དུས་ཚོད་འདི་ནི་བོད་ལ་མཚོན་ན་སྲོལ་རྒྱུན་གྱི་གལ་ཆེའི་དུས་ཚོད་ཅིག་ཏུ་གྱུར་ཟིན། འོན་ཀྱང་ལོ་གསར་པའི་ནང་སྔོན་དང་མི་འདྲ་བར་དམིགས་བསལ་གྱི་འགྱུར་ལྡོག་གསར་པ་ཞིག་འགྲོ་རྒྱུ་གང་ཡང་མེད་པར་སྔར་དང་གཅིག་མཚུངས་ཡིན་ཞིང་། དོན་དངོས་ཐོག་ནས་ལོ་གསར་པ་རེ་ཚེས་རིམ་བཞིན་མི་ཚང་མ་ལོ་གཅིག་འཆི་ལ་ཉེ་རུ་སོང་བ་ལྟ་བུར་གྱུར་པའི་གནས་སྟངས་དེའི་ཐོག་ནས་བལྟས་ན་དགའ་སྟོན་བྱེད་མི་འོས་ཀྱང་། ལོ་དེར་ནང་མི་སྤུན་མཆེད་ཚང་མ་བདེ་བདེ་སྐྱིད་སྐྱིད་ཀྱི་ངང་དུ་འཚོ་བ་རོལ་རྒྱུ་བྱུང་བའི་རྒྱུ་མཚན་གྱི་ཐོག་ནས་ལོ་གསར་གྱི་དགའ་སྟོན་འདི་ཉིད་ལ་རྒྱུ་མཚན་མེད་པ་ཞིག་ཀྱང་མིན། ལྷག་པར་དུ་འཛམ་གླིང་གི་ས་ཕྱོགས་གང་སར་ཆོས་ལུགས་དང་ཡུལ་སྲོལ་མི་འདྲ་བ་སྣ་ཚོགས་ལ་བརྟེན་ནས་ལོ་འགོ་འཛིན་ཚུལ་མི་འདྲ་བ་དང་དེ་ལུགས་ཀྱིས་ལོ་སར་དགའ་སྟོན་ཡང་གཏོང་སྲོལ་སྣ་ཚོགས་ཡོད།

བོད་ཕྱི་ནང་གཉིས་སུ་རབ་གནས་ས་ཁྱི་ལོར་མཚོན་ན་ཕྱོགས་གང་ཐད་ནས་བཟང་ཕྱོགས་ཀྱི་འགྱུར་ལྡོག་གསར་པ་ཞིག་གང་ཡང་སོང་མེད་པ་དང་། ལྷག་པར་དུ་བོད་ཀྱི་ཆབ་སྲིད་གནས་སྟངས་ཀྱི་ཐོག་ནས་བལྟས་ན་ལོ་འདིར་བཟང་ཕྱོགས་ཀྱི་རེ་བ་རྒྱག་འོས་པའི་གནད་དོན་སྣ་གཅིག་མཐོང་རྒྱུ་མེད་པར། བོད་ནང་དུ་དམ་དྲག་དང་བཙན་གནོན་གྱི་གནས་སྟངས་སྔོན་ལས་སྡུག་ཏུ་སོང་བ་ཞིག་ལས་གུ་ཡངས་སུ་གྱུར་པའི་གནས་ཚུལ་གང་ཡང་མེད། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་བལྟས་ཀྱང་སྤྱི་དོན་ཁུར་དུ་ཁྱེར་ནས་རང་དོན་བློས་གཏོང་བྱེད་མཁན་གྱི་མི་སྣ་ལོ་རེ་ནས་ལོ་རེ་ཉུང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་ཡོད་པ་དང་། སྤྱི་པའི་རྩ་དོན་ལས་སྒེར་གྱི་དོན་དག་ཆུང་ཙག་གཙིགས་སུ་འཛིན་མཁན་གྱི་མི་སྣ་ཡང་མང་ནས་མང་དུ་འགྲོ་བཞིན་པའི་རྣམ་པ་ནི་མང་ནས་མང་དུ་འགྲོ་བཞིན་འདུག ད་དུང་བཙན་བྱོལ་བོད་པའི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་མི་འབོར་ཉུང་དུ་འགྲོ་བཞིན་པ་དང་། བོད་ནང་ནས་བཙན་བྱོལ་བོད་མི་ལ་ལྟ་སྟངས་སྡུག་ཏུ་འགྲོ་བཞིན་མེད་དམ་སྙམ་པའི་སྣང་ཚུལ་ཅུང་ཙམ་རེ་ཡང་ཟར་ཟུར་ནས་མངོན་ཡོང་གི་འདུག

དེར་བརྟེན་འདས་མ་ཐག་པའི་ས་ཁྱི་ལོ་དེ་ཉིད་བོད་པ་སྤྱི་ཡོངས་ཀྱི་ཆ་ནས་དགའ་སྟོན་གྱིས་སྐྱེལ་འོས་པ་ཞིག་མིན་ལ། ལོ་གསར་པ་འདིར་ཡང་རེ་བ་དང་གོ་སྐབས་གསར་པ་ཞིག་ཡོད་མེད་ཀྱང་སུ་གཅིག་གིས་ཐག་བཅད་ནས་བཤད་ཐུབ་པ་ཞིག་མིན། འོན་ཀྱང་ལོ་སྔོན་མའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་གནས་བབས་ཐོག་ནས་སྔོན་ལས་ཡར་རྒྱས་སུ་སོང་ཡོད་པ་དང་། བཙན་བྱོལ་བོད་པའི་འདུ་སྡོད་བྱེད་ཡུལ་གཞིས་ཆགས་ཁག་ཏུ་མཐུན་འགྱུར་གྱི་རྣམ་གྲངས་མང་པོ་ཞིག་སྦྱར་སོང་ཞིང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་འཛུགས་སྐྲུན་གྱི་ཐོག་ནས་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་མངོན་འདུག འདི་ཡང་མིའི་ལུང་པར་སྐྱབས་བཅོལ་དུ་གནས་མཁན་ཞིག་ལ་མཚོན་ན་གཞན་གྱི་མགོན་སྐྱབས་ཡིན་སྙམ་པའི་སྣང་བ་དག་པའི་ལྟ་ཚུལ་དེ་ཟུར་དུ་བཞག་ནས། གཞན་ལས་རོགས་སྐྱོར་འཚོལ་རྒྱུ་གལ་ཆེ་བའི་གནས་ལུགས་འདིའི་ཐོག་ནས་བལྟས་ན་བཟང་ཕྱོགས་ཀྱི་གནས་ཚུལ་ཞིག་ཡིན་པ་དང་། འདི་ཡང་སྲིད་སྐྱོང་གིས་སྣེ་ཁྲིད་པའི་བཀའ་ཤག་དང་འཛིན་སྐྱོང་གི་བྱས་རྗེས་སམ་གྲུབ་འབྲས་ཤིག་ཏུ་གྱུར་ཡོད།

མདོར་ན་གོང་དུ་བརྗོད་པ་བཞིན་ལོ་རྙིང་པ་དེའི་ནང་གཟི་བརྗིད་དང་སྤྲོ་སྣང་དགོས་པའི་དོན་བཟང་ཆེན་པོ་ཞིག་གང་ཡང་མེད་པ་དང་། མ་འོངས་པར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་ཚུལ་ཁོ་ན་གཞི་རྩར་འཛིན་དགོས་པ་ལས། བཙན་བྱོལ་དུ་ཡོད་པའི་བོད་མི་འབུམ་གཅིག་དང་ཕྱེད་ཙམ་དེ་ཉིད་ལོ་ལྟར་ཕྱིའི་ཡུལ་གྲུ་ཁག་ལ་ཁ་འཐོར་དུ་འགྲོ་བཞིན་པ་དང་། ཡུལ་ལུང་སོ་སོའི་མི་སེར་གྱི་ནང་དུ་རིམ་བཞིན་རྡོ་ཚན་ལ་ཁ་བ་བབས་པ་བཞིན་ཐིམ་འགྲོ་བཞིན་ཡོད། བར་ལམ་བཟུང་ནས་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་མང་པོ་ཞིག་ཀྱང་རིམ་པས་རྒྱ་གར་མི་སེར་གྱི་ཐོབ་ཐང་ལེན་བཞིན་ཡོད་པ་སོགས་དང་མཉམ་དུ་ལག་ཁྱེར་ཙམ་མ་ཡིན་པར། བསམ་བློ་དང་། འཆར་གཞི། རིག་གནས་ཚང་མ་རྒྱལ་ཁབ་སོ་སོའི་སྤྱི་ཚོགས་ནང་ཆུ་ལ་ཆུ་བཞག་བཞིན་ཐིམ་འགྲོ་རྒྱུའི་སྔ་ལྟས་ཤིག་ཀྱང་ཡོད། དེར་བརྟེན་ད་ལྟའི་གནས་སྟངས་དང་མ་འོངས་པའི་དམིགས་ཡུལ་གང་ཐད་ནས་བཙན་བྱོལ་བོད་པས་བོད་པ་སྤྱིའི་མིང་ཙམ་ཁུར་ཐུབ་ན་མ་གཏོགས་དོན་གྱིས་ཚབ་མཚོན་མི་ཐུབ་པར་འགྱུར་རྒྱུར་དུས་ཚོད་རིང་པོ་ལྷག་མེད་སྙམ།།

Share this:
༡༡༧༢ ཀློག་གྲངས།