ལོ་རྒན་དྲུག་ཅུའི་ཕྱིར་རྟོག

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༣༩  ཕྱི་ལོ་ ༢༠༡༩/༢ /༡༣  

ད་ལོ་གསར་དུ་བཞད་པའི་གནམ་ལོ་འདི་ནི་བོད་རབ་བྱུང་བཅུ་བདུན་པའི་ས་ཕག་རེད་ལ། བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ཕྱི་ལོ་༡༩༥༩ ལོར་བོད་ས་ཡོངས་རྫོགས་ཤོར་ནས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་མང་པོ་ཞིག་རྒྱ་བལ་འབྲུག་གསུམ་ལ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། ལོ་དེ་ནས་བརྩིས་ན་བོད་པའི་ཤོད་རྒྱུན་བཞིན་ཏག་ཏག་ལོ་རྒན་དྲུག་ཅུ་འཁོར་བ་དང་། ད་དུང་ལོ་འདི་ནི་བོད་ས་ཡོངས་རྫོགས་རྒྱ་མིའི་བཙན་གནོན་འོག་ཤོར་བའི་སྐྱོ་སྡུག་གི་ལོ་ཞིག་དང་། བོད་མི་སེར་སྐྱ་རྒན་གཞོན་མང་པོ་ཞིག་གི་གཅེས་སྲོག་རྒྱ་དམག་གིས་བཙན་འཕྲོག་བྱས་པའི་ཁྲག་དང་མིག་ཆུའི་ལོ་ཞིག་རེད་ལ། བོད་གངས་ཅན་གྱི་རྒྱལ་བསྟན་དང་རིག་གཞུང་གི་ཉི་མ་ནུབ་པའི་མུན་ནག་གི་ལོ་ཞིག་ཏུའང་གྱུར་ཡོད། བཟང་ཕྱོགས་ནས་བཤད་ན་ལོ་འདིར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་བཤེས་ལྷ་རམས་པའི་དམ་འཇོག་མཛད་ནས་མི་ལོ་དྲུག་ཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་སུ་ཁེལ་ཡོད་པ་དང་། ༧གོང་ས་མཆོག་སྐུ་འཁྲུངས་ནས་བོད་ལུགས་དགུང་གྲངས་༨༥ རུ་ཕེབས་པའི་ལོ་ཞིག་ཀྱང་ཡིན།

བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་བཙན་བྱོལ་དུ་ཐོག་མར་འབྱོར་བའི་ལོ་དེར་སྐྱེས་པའི་བྱིས་པ་ཞིག་ཡིན་ཡང་། ད་ལྟ་ལོ་རྒན་དྲུག་ཅུར་སླེབས་པའི་བགྲེས་སོང་ཞིག་ཏུ་གྱུར་ཟིན་ཅིང་། མི་ལོ་དྲུག་ཅུའི་ལོ་རྒྱུས་དང་གནས་སྟངས་ལ་ཕྱིར་འདང་ཞིག་བརྒྱབ་ན་ང་ཚོར་སྤོབས་པ་སྐྱེ་དགོས་པ་དང་། མ་འོངས་པར་མིག་དཔེར་ལེན་འོས་པའི་དོན་བཟང་ག་ཚོད་ཙམ་བྱུང་ཡོད། ད་དུང་ཕྱོགས་གཞན་ཞིག་གནས་བློ་ཕམ་དགོས་པ་དང་། མ་འོངས་པར་ངེས་པར་དུ་འདོར་དགོས་པའི་གནས་ཚུལ་ག་ཚོད་ཙམ་བྱུང་ཡོད་མེད་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད། བོད་ནང་ལ་མཚོན་ནའང་བོད་ས་ཤོར་བའི་སྐབས་དང་བསྡུར་ན་འཛམ་གླིང་སྤྱི་ཡོངས་དང་། ལྷག་པར་ཨེ་ཤི་ཡའི་འཕེལ་ཕྱོགས་བཞིན་དཔལ་འབྱོར་གྱི་གནས་སྟངས་ཐོག་ནས་བཟང་ཕྱོགས་ཀྱི་འགྱུར་བ་ཅུང་སོང་ཡོད་ནའང་། ཕྱོགས་ཡོངས་ནས་རང་དབང་དང་ཐོབ་ཐང་སོགས་འཛམ་གླིང་སྤྱི་ཡོངས་ཙམ་དུ་མ་ཟད། རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་འབངས་གཞན་དང་བསྡུར་ནའང་མི་འདྲ་བའི་གནས་སྟངས་གང་དང་གང་ཡོད་མེད་ཐོག་ཞིབ་འཇུག་དང་གཤིབས་བསྡུར་བྱེད་པའི་དུས་ལ་བབ་ཡོད།

བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་མི་ལོ་༦༠ རིང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གིས་ད་བར་ལས་དོན་ཁག་དང་། ལས་འགུལ་ཁག་འཆར་གཞི་བཞིན་དམིགས་ཡུལ་དང་མཐུན་པ་བྱུང་ཡོད་མེད། དེ་བཞིན་སློབ་གྲྭ་ཁག་དང་དགོན་སྡེ་ཁག་གི་ངོས་ནས་ཀྱང་ཐོག་མའི་དམིགས་ཡུལ་དང་ད་ལྟའི་གནས་བབས་གཉིས་བསྡུར་ནས་བལྟས་ན་གྲུབ་འབྲས་ག་ཚོད་ཙམ་སོན་ཡོད་མེད་དང་། ད་ལྟའི་གནས་སྟངས་དང་མ་འོངས་པའི་རེ་བ་གཉིས་ལ་གཞིག་ན་མདུན་ལམ་ག་འདྲ་ཞིག་ཡོད་མེད་བཅས་བཙན་བྱོལ་བོད་པའི་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་ལ་ཞིབ་འཇུག་ཚད་ལྡན་ཞིག་བྱེད་པའི་དུས་ལ་བབ་ཡོད། མི་ལོ་དྲུག་ཅུའི་དུས་ཡུན་ནི་ཐུང་ངུ་ཞིག་གཏན་ནས་མིན་པར། འདས་པའི་མི་ལོ་དྲུག་ཅུ་དེའི་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོས་འཛིན་ཡོད་པའི་རང་བཙན་རྒྱལ་ཁབ་གྲངས་༡༡༣ ཙམ་གསར་དུ་བྱུང་ཡོད་པས། ཆབ་སྲིད་དང་འཐབ་རྩོད་ཀྱི་ལོ་རྒྱུས་ཐོག་ནས་ཀྱང་དུས་ཚོད་དེ་ཐུང་ཐུང་ཞིག་མིན་པས། འདས་པའི་གནས་སྟངས་ལ་བསྐྱར་ཞིབ་ཀྱིས་མ་འོངས་པའི་ཁ་ཕྱོགས་གསར་པ་ཞིག་འཚོལ་རན་འདུག

བཙན་བྱོལ་བོད་གཞུང་གི་ངོས་ནས་ད་བར་མི་ལོ་༦༠ རིང་གྲུབ་འབྲས་ཀྱི་ཕྱོགས་ནས་བཙན་བྱོལ་བོད་མི་རྣམས་ཡུལ་ལུང་འདྲ་མིན་དང་། ས་ཁད་རྒྱང་རིང་དུ་མར་ཁ་ཐོར་ནས་ཡོད་ཀྱང་དེ་དག་གི་འཚོ་གནས་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་སོགས་ཀྱི་ཐོག་ནས་དམིགས་ཚད་ལས་བརྒལ་བའི་གྲུབ་འབྲས་ཐོན་ཡོད། བོད་དོན་ཆབ་སྲིད་ཀྱི་ཐོག་ནས་ཀྱང་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནི་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་ཡོད། རྒྱ་དམར་དྲག་པོའི་གཞུང་གི་གདུག་རྩུབ་དང་ངན་བྱུས་ལ་མ་ལྟོས་པར་བོད་ཀྱི་གནད་དོན་དེ་ད་ཆ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཟིན་པ་དང་། རྒྱ་དམར་གཞུང་གི་ངོས་ནས་ཀྱང་དོན་དུ་བོད་ཀྱི་གནད་དོན་ནི་མི་འདོད་པའི་ཁུར་ཆེན་ཞིག་ཏུ་གྱུར་ནས། ལོ་ལྟར་འགྲོ་སོང་ཧ་ཅང་ཆེན་པོ་བཏང་སྟེ་བོད་དོན་འཁྱོག་བཤད་བྱེད་དགོས་ཐུག་ཡོད་པ་དང་། བོད་དོན་གྱི་ཐོག་ནས་ནུས་ཤུགས་ཆེ་ཤོས་སམ། ཚབ་མཚོན་ལྟ་བུ་༧གོང་ས་མཆོག་ལ་མཚན་སྨོད་དང་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་པ་ནི་དོན་གྱིས་ཞེད་སྣང་དང་དངངས་སྐྲག་ལ་བརྟེན་ནས་བྱུང་ཡོད།

མདོར་ན་ད་ལོ་བཙན་བྱོལ་བོད་མིས་ལས་འགུལ་སྔར་ལྷག་སྤེལ་དགོས་ཟེར་བ་ཙམ་མ་ཡིན་པར། སྔར་གྱི་ལས་འགུལ་དང་ཁ་ཕྱོགས་སོགས་གང་ཐད་ནས་འགྲིག་པ་དང་མ་འགྲིག་པ། འཐུས་ཚང་བ་དང་འཐུས་ཤོར་ག་རེ་བྱུང་ཡོད་མེད་བསྐྱར་ཞིབ་ཡག་པོ་ཞིག་བྱེད་མ་ཐུབ་པར་སྣང་བ་དག་ནས་བསྡད་ན་ད་ལྟའི་མི་ཐོག་འདི་རིང་པོར་མི་ཐོགས་པར་རྫོགས་འགྲོ་ནའང་། མི་རབས་རྗེས་མའི་མདུན་ལམ་དང་ཁ་ཕྱོགས་ལ་ནག་ཐིག་ཕབ་མི་རུང་བ་དེ་ད་ལྟའི་མི་རབས་འདིའི་འགན་ཁུར་གཙོ་བོ་ཡིན། ད་བར་ནོར་ཡོད་ཀྱང་འདྲ། འགྲིག་ཡོད་ཀྱང་འདྲ། གང་ལྟར་འདས་པ་ནི་འདས་ཟིན་པས་བསྐྱར་བཅོས་བྱེད་ཐབས་མེད་ཀྱང་། འདས་པའི་ལོ་རྒྱུས་དང་ཉམས་མྱོང་བསླབ་བྱ་རུ་བཟུང་ནས་མ་འོངས་པར་ག་འདྲ་ཞིག་བྱེད་དགོས་མིན་ད་ལྟའི་མི་རབས་འདིར་ནུས་པ་དང་འགན་ཁུར་ཡང་ཡོད། སྤྱིར་ད་ལྟའི་དུས་འདིར་བཙན་བྱོལ་བོད་མི་མང་པོ་ཞིག་གིས་རང་མགོ་གང་ཐོན་བྱ་རྒྱུ་ལས་སྤྱི་པའི་བསམ་བློ་ཉམས་ཆག་ཏུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན་པས། མ་འོངས་པར་གནད་དོན་འདི་ལྟ་བུའི་རིགས་ལའང་ཐབས་ལམ་ག་རེ་ཡོད་མེད་ངེས་པར་འཚོལ་ཞིབ་བྱེད་དགོས།།

Share this:
༢༥༨ ཀློག་གྲངས།